དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • ལུག་ལྤགས་ཐོན་རྫས་སྣ་ཁ་མང་། ཁྲོམ་རའི་མདུན་ལམ་ཉིན་བཞིན་ཡག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-09

    འདི་ནི་གྲོང་མིས་དཀར་མཚོའི་ལུག་ལྤགས་ལས་བཟོས་པའི་གངས་ལྷམ་ཉོ་བཞིན་པ།

    གངས་ཆེན་པོ་ཞིག་བབས་པས་ནག་ཆུ་དེ་ཉིད་དངུལ་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར་ཡང་། གྲང་རླུང་ལྡང་སྐབས་བོད་བྱང་ཐང་གི་རྣམ་པ་སླར་ཡང་ང་ཚོའི་མིག་ལམ་དུ་མངོན།

    ནག་ཆུ་གྲོང་ཁྱེར་ཟོག་འགྲེམས་ལྟེ་གནས་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་རར་ལོ་གཅིག་དུས་གཅིག་གི་འབྲོག་ཟོག་ཚོང་འདུས་ཚ་ཚ་འུར་འུར་ངང་འགོ་ཚུགས་པས་གང་སར་མི་ཚོགས་ཀྱིས་ཁེངས་པ་དང་། རྫོང་དང་ཆུས་11ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་མ་གྲོས་གཅིག་མཐུན་ངང་དེར་འཛོམས་པས་དགུན་དུས་ཀྱི་ནག་ཆུ་འཁྲུག་ཆ་ཧ་ཅང་དོད།

    སྐབས་འདིའི་ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཕྱི་ནང་དུ་ལུགས་ཤ་སྤུས་ལེགས་དང་། བྲོ་བ་ཞིམ་པའི་དཀར་ཆུའི་ཐོན་རྫས། ལག་ཤེས་བཟོ་རྩལ་ཐོན་རྫས་འདྲ་མིན་སྣ་ཚོགས་གང་དགོས་ཅི་དགོས་འཛོམས་པའི་ཁྲོད་ལུག་ལྤགས་སྤྱིར་བཏང་ཞིག་ལ་གསར་འགོད་པའི་དོ་སྣང་ཆེན་པོ་བྱུང་།

    “མང་ཚོགས་ཀྱི་ངོས་ནས་བཤད་ཚེ། ལུག་ལྤགས་བཙོངས་དང་མ་བཙོངས་གཅིག་པ་རེད”ཅེས་ཀརྨ་གཡང་ཆགས་ཀྱིས་བཤད་པ་དང་། ཁོང་ནི་མཚོ་གཉིས་རྫོང་ནས་ཡིན་ཞིང་། ད་ཆ་ནག་ཆུར་ལས་ཀ་བྱེད་ཀྱི་ཡོད། ཁོང་གི་སྐད་ཆ་འདིར་གསར་འགོད་པ་ཅུང་ཟད་ཧང་སངས་ཏེ། “འདི་འདྲ་ཟེར་དོན་གང་ཡིན”ཞེས་འདྲི་བར་ཐལ།

    གསར་འགོད་པ་མཚོ་གཉིས་རྫོང་དཀར་མཚོ་ཤང་འབྲོག་ལས་ཐོན་རྫས་འགྲེམས་སྟེགས་སུ་འབྱོར་ནས་གནས་ཚུལ་ཞིབ་ཕྲ་དྲིས་རྗེས་གཞི་ནས་ཧ་གོ་དོན་གསལ་བྱུང་བ་སྟེ། “ལུག་ལྤགས་རེར་གོང་ཁེ་ཤོས་ལ་སྒོར་གཅིག་གཉིས་རེད། ལུག་ལྤགས་ཡག་ཤོས་རེར་སྒོར་ལྔ་རི་གི་ཡོད”ཅེས་དཀར་མཚོ་ཤང་བུ་རོགས་གངས་རི་འབྲོག་ལས་འཕེལ་རྒྱས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་འཕེལ་གྱིས་གསར་འགོད་པ་ཧང་སངས་པ་མཐོང་ནས་འདི་ལྟར་བཤད་པ་དང་། དེ་ནས་བློ་འཕེལ་གྱིས་མུ་མཐུད་དེ། ལུག་ལྤགས་ཀྱི་གོང་ཁེ་ཡང་། དེས་བཟོས་པའི་ཐོན་རྫས་ཀྱི་རིན་གོང་མཐོ་པོ་ཡོད་ཅེས་བརྗོད།

    འབྲོག་ར་ནས་ཁྲོམ་ར་བར་དང་། ཐོག་མའི་རྒྱུ་ཆ་ནས་ཀོ་བས་བཟོས་པའི་ཐོན་རྫས་བར་ལུག་ལྤགས་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡོད་ཅེ་ན། འབྲོག་ལས་ཐོན་རྫས་ཚོང་འདུས་སུ་སྐོར་བ་རྒྱག་སྐབས། གསར་འགོད་པས་ལུག་ལྤགས་ཀྱི་རིན་གོང་གི་གཞི་རྩའི་གནས་ཚུལ་རགས་ཙམ་ཤེས་རྟོགས་བྱུང་བ་སྟེ། ལུག་རྒན་པའི་ལུག་ལྤགས་གཅིག་ལ་སྒོར་1ནས་5བར་ཡིན་པ་དང་། ཚ་རུ་གཅིག་ལ་སྒོར་80ནས་100བར་ཡིན་པ། ལུག་ལྤགས་བཞིས་བཟོས་པའི་པགས་གདན་གཅིག་ལ་སྒོར་550ཡིན་པ། ལུག་ལྤགས་ཀྱིས་བཟོས་པའི་གངས་ལྷམ་རེར་སྒོར་350ཡིན་པ། ལུག་ལྤགས་ཀྱིས་བཟོས་པའི་རྒྱབ་ཁུག་རེར་སྒོར་ཆིག་སྟོང་ཡན་ཡིན་པ་རེད།

    བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་གསར་འགོད་པས་བློ་འཕེལ་གྱི་གམ་ནས་ལུག་ལྤགས་ཀྱི་རྒྱུ་ཆ་དང་ཐོན་རྫས་དབར་གྱི་ཧེ་བག་ཆེ་ལུགས་ཤེས་རྟོགས་བྱེད་སྐབས། ཚོང་ལས་ལ་ཧ་ཅང་མཁས་པའི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དེས་ལས་སྣོན་ཇི་ཙམ་ཞིབ་ཚགས་པོ་མ་བྱུང་ན་དེ་ཙམ་གྱིས་རྒྱུ་ཆའི་རིན་ཐང་དམའ་བ་དང་། བཟོ་རྩལ་ཇི་ཙམ་ཞིབ་ཚགས་བྱུང་ན་དེ་ཙམ་གྱིས་དེའི་རྒྱུ་ཆའི་རིན་ཐང་མཐོ་བ་ཡོད་ཅེས་གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ།

    དུས་ཡུན་རིང་པོར་འབྲོག་ཟོག་ཚོང་གཉེར་བྱེད་བཞིན་པའི་འབྲོག་པ་བློ་འཕེལ་གྱིས་འབྲོག་ཟོག་གི་ཐོག་མའི་རྒྱུ་ཆ་བཙོངས་ཏེ་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་བའི་ཞན་ཆ་དང་མི་འདང་བའི་ཆར་སྔ་ས་ནས་དོ་སྣང་བྱུང་ཡོད།

    མཚོ་གཉིས་རྫོང་དཀར་མཚོ་ཤང་གི་སྐོར་གླེང་སྐབས། མི་རྣམས་ཀྱིས་དེའི“ས་བབ་མཐོ་བ”དང་། “མི་དམངས་ཀུང་ཧྲེ”“ཡུལ་གཞན་དུ་གནས་སྤོས”བཅས་གསུམ་ལ་བག་ཆགས་ཟབ་མོ་་ཡོད་མོད། ད་ཆ་དཀར་མཚོ་ཤང་གིས་དེང་རབས་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་སྟེ་འབྲོག་ཟོག་གི་ཟུར་སྣོན་རིན་ཐང་ཟམ་མི་ཆད་པར་མཐོ་རུ་བཏང་བར་ཕན་འབྲས་ཡག་པོ་ཐོན་ཏེ། ལོ་ལྟར་མང་ཚོགས་ལ་སྒོར་ཁྲི་200ལྷག་ཙམ་བགོ་འགྲེམས་རྒྱག་རྒྱུ་བྱུང་ཞིང་། “1974·མཚོ་དཀར་ཀུང་ཧྲེའི”གངས་ལྷམ་ལྟ་བུ་ནི་ཉེ་ཆར་དགུན་དུས་སུ་ནག་ཆུ་བས་དར་སོ་བྱེད་ཡུལ་དུ་གྱུར།

    ཚོང་སྒྲོམ་གྱི་མདུན་དུ་གྲོང་མི་མི་ཉུང་བ་ཞིག་གིས་དཀར་མཚོའི་ལུག་ལྤགས་ཀྱིས་བཟོས་པའི་གངས་ལྷམ་འཚང་ཁ་ཤིག་ཤིག་ངང་ཉོ་བཞིན་འདུག གྲོང་མི་ལྷ་མོས་གཟབ་གཟབ་ངང་འདེམས་བཞིན་དུ། དེ་གོང་གྲོགས་པོས་འོས་སྦྱོར་བྱས་པ་བཞིན། དྲ་ཐོག་ནས་ཉོས་པ་ཡིན། ལྷམ་དེ་དྲོ་ལ་བཟོ་ལྟ་དར་སོ་ཆེ་བས། དེ་རིང་ཡང་བསྐྱར་ཆ་གཅིག་ཉོས་ནས་བརྗེ་རེས་བྱས་ཏེ་གྱོན་དགོས་བསམས་བྱུང་ཞེས་བརྗོད།

    “ལུག་ལྤགས་ལས་སྣོན་གང་དུ་བྱེད་ཀྱི་ཡོད་དམ” “ལོ་གཅིག་ལ་ལུག་ལྤགས་ག་ཚོད་ཐོན་ནམ”ཞེས་ལྗོངས་ཕྱི་ནས་ཡོང་བའི་ཧུའུ་ཅན་ཁང་གིས་འདི་ལྟར་དྲིས་ཤིང་། ཁོང་ནི་ལས་གཏོད་པ་ཞིག་ཡིན་པ་དང་། ཚོང་འདུས་སུ་ལྟ་སྐོར་ཞིབ་ཕྲ་བྱེད་སྐབས་གསར་འགོད་པ་དང་བློ་འཕེལ་གཉིས་གླེང་མོལ་བྱེད་པ་ཐོས་ནས་རང་ཉིད་ལ་ཚོང་གི་གོ་སྐབས་གསར་པ་རྙེད་པ་ཤེས་ཏེ། རང་འགུལ་ངང་བློ་འཕེལ་དང་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་ཁྲོམ་རར་བརྟག་ཞིབ་བྱས། ཁོང་གིས་བོད་བྱང་ཐང་གི་ལྤགས་པ་དང་། རྩིད་པ། རྭ་ཅོ་བཅས་ཀྱི་ཕྱུགས་ཟོག་ཐོན་རྫས་དེ་དག་རྒྱུ་གཙང་སྤུས་གཙང་ཞིག་ཡིན་པས་ལག་ཤེས་མཁས་པའི་བཟོ་རྩལ་དང་དེང་རབས་ཀྱི་འཆར་འགོད་ལ་བརྟེན་ཚེ་ཚོང་ལམ་ཡག་པོ་ཞིག་གཏོད་ཐུབ་པ་མ་ཟད། རྩེར་སོན་ཁྲོམ་རར་ཡང་འདོན་ཐུབ་ངེས་ཡིན་པའི་ངོས་འཛིན་བྱས།

    ལུག་ལྤགས་རེ་རེར་ཚོང་ལམ་ཆེན་པོ་ལྡན་པས། འབྲོག་པས་རང་ཉིད་ཀྱི་སྤྱང་གྲུང་དང་བློ་རིག་ལ་བརྟེན་ནས་ལུག་ལྤགས་ཀྱི་ཐོན་རྫས་རེ་རེ་དྲ་ཐོག་བརྒྱུད་ཁྲོམ་རར་བཏོན་ན། ཐོན་རྫས་དེ་དག་འབྲོག་ར་ནས་དེ་བས་ཡངས་པའི་ཁྲོམ་རར་ཕྱིར་ཚོང་ཐུབ་ངེས་ལགས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།