གྲོང་མིར“འཐུང་ཆུ་ཡོད་པ”ནས“འཐུང་ཆུ་གཙང་མ་འཐུང་ཐུབ་པར”བྱས་པ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་གྲོང་གསེབ་ལ་ཆུ་མཁོ་འདོན་འགན་སྲུང་བྱེད་པའི་ལས་ཀ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་ལ“འཐུང་ཆུ་ཡོད་པ”ནས“འཐུང་ཆུ་གཙང་མ་འཐུང་ཐུབ་པར”བྱས་པས། མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས“ཆུ་མཁོ་འདོན་སྒྲིག་ཆས་ཆེ་བ་བསྐྲུན་པ་དང་། འབྲིང་བ་ཟླ་སྒྲིལ། ཆུང་བ་སྒོ་རྒྱག་པའི”ལས་ཀའི་བསམ་ཕྱོགས་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་དར་རོང་གྲོང་རྡལ་གྱི་གཅིག་སྡུད་ཆུ་མཁོ་སྤྲོད་ལས་གྲྭ་དང་། མྱང་བྲན་ཁྲོམ་གཞུང་གི་གཞི་ཁྱོན་ཅན་གྱི་ཆུ་མཁོ་སྤྲོད་ལས་གྲྭ མལ་གྲོ་གུང་དཀར་རྫོང་གི་འཐུང་ཆུའི་ཆུ་འགོའི་ལས་གྲྭ་བཅས་བསྐྲུན་ནས་མང་ཚོགས་ཁྲི་11ལྷག་ཙམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད། གཞན་ཡང་། ས་བབ་མཐོ་བའི་ས་ཁུལ་དུ་དྲོད་ཚད་དམའ་བ་དང་། རང་བྱུང་གི་མཐུན་རྐྱེན་ཞན་པ། ཆུ་འགོ་དང་། མདོང་ལམ། ཆུ་ཀ་ལ་བཅས་ལ་འཁྱགས་པ་ཐེབས་སླ་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་པའི་ཐོག “རྫིང་བུ་དང་ཆུ་བཀྱག་གཉིས་འཁྱགས་ལ་མི་ཤོར་ལ། བར་གྱི་མདོང་ལམ་ལ་དྲོད་སྲུང་ཡག་པོ་བྱེད་པའི”ལས་ཀའི་བསམ་ཕྱོགས་གཞིར་བཟུང་། མདོང་ལམ་གཏིང་རིང་སར་སྦས་པ་དང་། འཕྲུལ་ཁྲོན་གསར་པ་རྐོ་བ། “དྲོད་སྲུང་གི་ཁེབས་གཡོག་པ” གློག་གི་ཚ་སྐུད་དཀྲི་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། ས་བབ་མཐོ་བའི་ཆུ་མཁོ་སྤྲོད་ལས་གྲྭ་ཁག་35བསྐྲུན་ནས་མང་ཚོགས་ཁྲི་2.93ལ་ཆུ་མཁོ་སྤྲོད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པར། མང་ཚོགས་ཀྱིས་འཁྱགས་པ་བཞུར་ནས་ཆུ་ལེན་པ་དང་ཆུ་ཁར་ཆུ་ཟོམ་ཁུར་ནས་ཆུ་ལེན་པ་སོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད།
དེ་དང་ཆབས་ཅིག གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་དོ་དམ་བྱེད་མཁན་ས་གནས་མི་དམངས་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དང་། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཆུ་མཁོ་སྤྲོད་ཚན་པའི་འཁོར་སྐྱོད་དོ་དམ་གྱི་འགན་འཁྲི་བཅས་དོན་འཁྱོལ་བྱས་ཏེ། གཅིག་སྡུད་ཆུ་མཁོ་སྤྲོད་ཀྱི་འགན་འཁུར་མཁན་མི་ཐེངས་800ལྷག་ཙམ་ལ་བབ་བསྟུན་འགྱུར་ལྡོག་བཏང་བ་དང་། གྲོང་གསེབ་ཀྱི་ཆུ་འགོ་སྲུང་སྐྱོང་ཁུལ་20གཏན་འཁེལ་བྱས་པ། “རྫོང་རིམ་པའི་གྲོང་གསེབ་ཀྱི་ཆུ་འཁོར་སྐྱོད་དོ་དམ་སྒྲིག་གཞི་དང་། ཆེད་ལས་ཅན་གྱི་ལྟ་སྲུང་བ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་དོ་དམ་པ་བཅས་ཟུང་དུ་འབྲེལ་བའི”ལྟ་སྲུང་ལམ་སྲོལ་བཙུགས་ཏེ། ཆུ་མཁོ་སྤྲོད་ལས་གྲྭའི་དོ་དམ་བྱེད་པོ་དང་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་བའི་ཐོག ཁ་པར་ཐེངས་རེ་རྒྱག་པ་དང་། གསལ་ཐོ་དང་རྩིས་ཁྲ་རེ་བཟོ་བའི་རྩ་དོན་མཐའ་འཁྱོངས་ཀྱིས་ཆེད་མིས་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་ཞབས་ཞུའི་ལྟ་སྐུལ་གྱི་ཁ་པར་ལེན་པ་དང་། ཐོ་བཀོད་པ། རྗེས་འདེད་གཏོང་བ་བཅས་ཀྱི་ལས་འགན་འཁུར་དུ་བཅུག་ནས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད།
མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་ཆུ་མཁོ་སྤྲོད་ཀྱི་ལས་གྲྭ་ཁྱོན་1540བསྐྲུན་ནས་མི་ཁྲི་32ལ་འཐུང་ཆུ་གཙང་མ་འཐུང་ཐུབ་པར་བྱས་པ་དང་། ཞིང་འབྲོག་ཁུལ་ལ་གཅིག་སྡུད་ཆུ་མཁོ་སྤྲོད་ཐུབ་ཚད་92%ཡན་དང་། ཆུ་ཀ་ལ་འཛུགས་ཚད་86.18% ཆུ་མཁོ་སྤྲོད་ཐུབ་ཚད་95% ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%བཅས་ཟིན་ཏེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།