དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱིས“གསེར་གྱི་ལོ་མར”བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཇའི་སྣ་ཁ་དང་ཐོན་རྫས་ཀྱི་གྲུབ་ཆ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག ཇ་ཞིང་གི་དོ་དམ་ཆུ་ཚད་དང་ཇ་ལོའི་སྤུས་ཚད་རིམ་བཞིན་ལེགས་སུ་ཕྱིན་ནས་མེ་ཏོག་གྲོང་རྡལ་དུ་མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་ཞིབ་སྤེལ་ལྟེ་གནས་བསྐྲུན་པ་མ་ཟད། 2023ལོའི་ཟླ་6པར། ཧྭ་ནན་ཞིང་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་བདུན་ལས་གྲུབ་པའི་མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་ཀྱི་རིག་སྟོབས་རོགས་སྐྱོར་ལས་དོན་ཚོགས་ཆུང་མེ་ཏོག་རྫོང་དུ་ཚན་ཞིབ་རྣམ་པའི་མཛུབ་ཁྲིད་ལ་གདན་དྲངས་པ་དང་འབྲེལ། མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་བཞག་སྟེ། མེ་ཏོག་གྲོང་རྡལ་དུ་ཧྭ་ནན་ཞིང་ལས་སློབ་ཆེན(མེ་ཏོག)གྱི་ཇ་ལོ་ཚན་ཞིབ་རྟེན་གཞི་དང་། ཧྭ་ནན་ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཉམ་འབྲེལ་གསོ་སྦྱོང་རྟེན་གཞི། ཧྭ་ནན་ཞིང་ལས་སློབ་ཆེན་ལྡུམ་རའི་ལག་རྩལ་སློབ་གླིང་གི་ལག་ལེན་སློབ་ཁྲིད་རྟེན་གཞི་བཅས་སྔ་རྗེས་སུ་འཛུགས་རྒྱུ་རེད།

    “དེ་སྔོན་ཆུ་འབྲས་དང་མ་རྨོས་ལོ་ཏོག་འདེབས་སྐབས་རང་མཁོ་རང་རང་གསོ་ཐུབ་ཙམ་ལས་མེད། ད་ཆ་ཇ་ལོ་འདེབས་པར་བརྟེན་ཡོང་འབབ་ཡག་པོ་རག་གི་འདུག”ཅེས་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱི་ཡུལ་མི་གཡང་སྒྲོན་གྱིས་ངོ་སྤྲོད་བྱས། ཁོང་གིས། 2014ལོར་ངས་ཇ་ལོ་འདེབས་འགོ་བཙུགས་པ་དང་2016ལོར་ཇ་ཞིང་ལ་ལོ་ལེགས་ཡག་པོ་བྱུང་། ད་ཆ་ལོ་ཁ་ཤས་སོང་བས་ཡོང་འབབ་མང་པོ་རག་བྱུང་། “ང་ཚོའི་ཁྱིམ་ལ་ཇ་ཞིང་མུའུ་3ཡོད་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་འདུག ཇ་ལོ་འཐུ་ཚད་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ལ་བཏུས་པའི་ཇ་ལོ་ཐད་ཀར་ཇའི་བཟོ་གྲྭར་བཙོང་གི་ཡོད་པས། ག་ཚོད་བཏབ་ཀྱང་ཚོང་ལམ་ཐད་སེམས་ཁྲལ་སྤུ་ཙམ་ཡང་བྱེད་དགོས་མེད”ཅེས་བཤད།

    ལྷ་གོང་ཇ་ར་ནི་མེ་ཏོག་རྫོང་གི་ཇ་ར་སྔ་ཤོས་ཀྱི་གྲས་ཤིག་ཡིན་ལ་མེ་ཏོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད། “འདི་ལོ་ནི་ང་ཚོའི་ནང་མིས་ཇ་ལོ་འདེབས་པའི་ལོ་བརྒྱད་པ་རེད། ཉེ་བའི་ལོ་ཤས་རིང་། ང་ཚོའི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ལེགས་སུ་ཕྱིན་ནས་ཐབ་ཚང་གསར་པ་བརྒྱབ་ཁར། ལྗིད་ཐེག་རླངས་འཁོར་ཡང་ཉོས་པ་ཡིན། ཇ་ཞིང་འདི་2023ལོར་འགན་གཙང་བླངས་པ་ཡིན། སྔོན་དཔག་བྱས་ན། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་རག་བཟོ་ཡོད། དེ་མིན་ས་ཆ་གཞན་དུ་ཇ་ཞིང་མུའུ་གཅིག་ཡོད་པ་དེར་ཡང་ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག”ཅེས་ཇ་ལོ་འདེབས་མཁན་སངས་རྒྱས་དོན་གྲུབ་ཀྱི་བུ་མོ་སངས་རྒྱས་གཡུ་སྒྲོན་གྱིས་མདུན་གྱི་ཇ་ཞིང་ལ་མཛུབ་མོ་འཛུགས་བཞིན་གསར་འགོད་པར་དེ་ལྟར་བཤད།

    ཤེས་རྟོགས་བྱུང་བ་ལྟར་ན། 2012ལོར་མེ་ཏོག་རྫོང་གིས་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཚུན། མེ་ཏོག་གྲོང་རྡལ་དུ་ཆེད་མངགས་ཇ་ལོ་འདེབས་མཁན་མང་པོ་ཐོན་པ་དང་། སངས་རྒྱས་གཡུ་སྒྲོན་གྱི་ཨ་མ་སངས་རྒྱས་དོན་གྲུབ་ཀྱང་ཁོང་ཚོའི་གྲས་ཤིག་རེད།

    ད་ཆ་སངས་རྒྱས་དོན་གྲུབ་ཀྱི་མིག་ནང་ཇ་ལོ“གསེར་གྱི་ལོ་མར”གྱུར་ནས་ནང་མི་རྣམས་ལ་རེ་བ་ཆེན་པོ་སྦྱིན་ཡོད། “དེ་སྔ་ནང་མི་ཚང་མས་ཆུ་འབྲས་དང་མ་རྨོས་ལོ་ཏོག་འདེབས་སྐབས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་རུང་འཚོ་བ་ཁ་འཕྱིད་ཙམ་ལས་མེད། ད་ཆ་སྔོན་མ་དང་མི་འདྲ་བར་ཇ་ལོ་བཏུས་ན་ལོ་གཅིག་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཡོད། དེའི་ཁར་བཟའ་ཟླ་དབྱངས་ཅན་གྱིས་ཞིང་ལས་ཕུད་སྐྱེལ་འདྲེན་ལས་ལ་གཞོལ་བར་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་ཡག་ཏུ་ཕྱིན་སོང”ཞེས་སངས་རྒྱས་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་ཅིང་། ཁོང་གིས་ད་དུང“དངུལ་མང་ཙམ་བསགས་ནས་ཕྲུ་གུ་ཚོ་སློབ་ཆེན་འགྲིམ་དུ་འཇུག་རྩིས་ཡོད”ཅེས་བཤད།

    2019ལོར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག མེ་ཏོག་རྫོང་གིས་ཀོང་ཏུང་གི་ཇ་སྤུས་ལེགས་ནང་འདྲེན་བྱས་ཏེ་མུའུ་2000འདེབས་འཛུགས་བྱས་པ་མ་ཟད། 2021ལོར་ཇ་ལོ་ཐོན་སྐྱེད་བྱས་ནས་མེ་ཏོག་རྫོང་གི་ཇའི་སྣ་ཁ་དང་ཐོན་རྫས་ཀྱི་གྲུབ་ཆ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་ཇ་ཞིང་གི་དོ་དམ་ཆུ་ཚད་དང་ཇ་ལོའི་སྤུས་ཚད་རིམ་བཞིན་ལེགས་སུ་བཏང་སྟེ། མེ་ཏོག་གྲོང་རྡལ་དུ་མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་ཞིབ་སྤེལ་ལྟེ་གནས་བསྐྲུན་པ་མ་ཟད། 2023ལོའི་ཟླ་6པར་ཧྭ་ནན་ཞིང་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་བདུན་ལས་གྲུབ་པའི་མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་ཀྱི་རིག་སྟོབས་རོགས་སྐྱོར་ལས་དོན་ཚོགས་ཆུང་མེ་ཏོག་རྫོང་དུ་ཚན་ཞིབ་རྣམ་པའི་མཛུབ་ཁྲིད་ལ་གདན་དྲངས་པ་དང་འབྲེལ། མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་བཞག་སྟེ་མེ་ཏོག་གྲོང་རྡལ་དུ་ཧྭ་ནན་ཞིང་ལས་སློབ་ཆེན(མེ་ཏོག)གྱི་ཇ་ལོ་ཚན་ཞིབ་རྟེན་གཞི་དང་། ཧྭ་ནན་ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཉམ་འབྲེལ་གསོ་སྦྱོང་རྟེན་གཞི། ཧྭ་ནན་ཞིང་ལས་སློབ་ཆེན་ལྡུམ་རའི་ལག་རྩལ་སློབ་གླིང་གི་ལག་ལེན་སློབ་ཁྲིད་རྟེན་གཞི་བཅས་སྔ་རྗེས་སུ་འཛུགས་རྒྱུ་རེད།

    ད་ཆ་དྲ་སྦྲེལ་ལས་སྟེགས་སུ་མེ་ཏོག་རྫོང་གི་ཇ་ལོའི་ཆེད་ཚོང་དྲ་ཐོག་ཚོང་ཁང་བཙུགས་ཡོད་ཅིང་། དྲ་རྒྱའི་ཐད་གཏོང་བརྒྱུད་འཛད་སྤྱོད་པས་མེ་ཏོག་རྫོང་གི་ཇ་ལོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་ཐད་ཀར་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།