དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་གསེབ་དར་རྒྱས་ཁྲོད་དམངས་ཕན་སྒྲུབ་མཁན་གྱི་སྨན་པ་བུ་ཆུང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལྷ་ཕྲུག   |     སྤེལ་དུས།  2024-01-02

    གངས་ལྗོངས་ས་མཐོའི་ས་ཆ་གང་སར་གྲོང་གསེབ་དར་རྒྱས་ཀྱི་འཆར་འགོད་དང་ཇུས་གཞི་ཁག་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་བྱེད་བཞིན་ཡོད་ཅིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྟོད་སྤོ་གྲོང་ཚོ་འདི་ཉིད་ཀྱང་སྔར་སོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    གྲོང་གསེབ་དར་རྒྱས་ཡོང་བའི་ལམ་ཆེན་ཐོག་ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་ཞེན། ཞིང་པར་དགའ་ཞེན་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བ་ཞིག་རེད། སྟོད་སྤོ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་བུ་ཆུང་གིས་རང་ནུས་ཡོད་རྒུས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཞིང་པ་ཚོའི་སྨན་བཅོས་འཕྲོད་བསྟེན་གྱི་འགན་སྲུང་བྱེད་བཞིན་ཡོད།

    ད་ལོ་ལོ་བཞི་བཅུ་ཞེ་དྲུག་ཡིན་པའི་སྨན་པ་བུ་ཆུང་ལ་ལོ་མང་རིང་གི་སྨན་བཅོས་ཉམས་མྱོང་ཡོད་པས་གྲོང་ཚོའི་སྐྱེ་བོ་ཀུན་གྱིས་ཁོང་གི་སྨན་པའི་ཀུན་སྤྱོད་དང་སྨན་བཅོས་ལག་རྩལ་ལ་རྟག་ཏུ་མཐེ་བོང་བསྒྲེངས་ཏེ་བསྔགས་བརྗོད་མི་བྱེད་མཁན་མེད་ལ། རང་ཁྱིམ་གྱི་སྒོ་ཁར་སྨན་པ་བཟང་པོ་འདི་འདྲ་ཞིག་ཡོད་པར་སེམས་གཏིང་ནས་དགའ་སྣང་སྐྱེ་བཞིན་ཡོད་པ་རེད།

    སྨན་པ་ཁོང་གིས་སྔ་རྗེས་སུ་གོང་རིམ་གྱི་བཀོད་སྒྲིག་ལྟར་རྫོང་ཁོངས་ཀྱི་ཤང་གྲོང་ཆང་ཁྱིམ་དང་། ཐང་པོ་ཆེ། ར་མ་སྒང་སོགས་ཀྱི་འཕྲོད་བསྟེན་ཁང་དུ་ལས་ཀ་བྱས་ཤིང་། སྤྱི་ལོ་2010ལོ་ནས་སྟོད་སྤོ་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ལས་ལ་གཞོལ། མི་ལོ་སུམ་ཅུ་ཡི་ནང་ཁོང་གིས་ལྷག་བསམ་རྣམ་དག་ངང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ལྟེ་བར་འཛིན་ནས་ཕྱི་ལུགས་དང་བོད་ལུགས་སྨན་བཅོས་ལག་རྩལ་ལ་སྦྱང་པ་རྩེ་གཅིག་ཏུ་བྱེད་མུས་ཡིན་པས་འབྲེལ་ཡོད་ཀྱི་ཤེས་བྱ་དང་ཉམས་མྱོང་གང་མང་ཞིག་གསོག་འཇོག་ཐུབ་ཡོད་ལ་ཆུ་ཚད་ཀྱང་མི་དམན་པ་ཞིག་ཏུ་སླེབས་ཡོད།

    གྲོང་ཚོའི་མ་བུ་བདེ་སྲུང་གི་ལས་དོན་དང་། བྱིས་པའི་རིམ་ནད་སྔོན་འགོག་ལས་དོན། ཁྲག་ཤེད་མཐོ་བའི་ནད་པའི་དོ་དམ་ལས་དོན། གཅིན་པ་མངར་འགྱུར་གྱི་ནད་པའི་དོ་དམ། ལོ་དྲུག་ཅུ་རེ་ལྔ་ཡན་གྱི་རྒན་རྒོན་སྨན་བཅོས་དོ་དམ། དེ་བཞིན་གཅོང་ནད་རིགས་དང་གློ་ནད་རིགས་ཀྱི་ནད་པའི་དོ་དམ་བཅས་བྱེད་རྒྱུ་ནི་སྨན་པ་བུ་ཆུང་གི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཡིན་ལ། ཁོང་གིས་ཀྱང་ཉིན་གཅིག་ལས་གཡོལ་བྱེད་མི་མྱོང་བར་སྟོད་སྤོ་གྲོང་ཚོའི་འཕྲོད་བསྟེན་ལས་ཀ་དེ་ཅུང་སྤུས་ཚད་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་མུས་དང་སྨན་བཅོས་ཁག་བདེ་བླགས་ངང་སྒྲུབ་མུས་ཡིན་པ་རེད།

    ལྷག་དོན་དུ་མ་བུ་བདེ་སྲུང་གི་ལས་དོན་དང་སྦྲུམ་མའི་ལས་དོན་ནི་གཏན་འཁེལ་མེད་པའི་དུས་ཚོད་དང་གཏན་འཁེལ་མེད་པའི་ཁྱིམ་ཚང་ནང་ཐོན་སྲིད་པའི་ཉེན་ཁའི་རང་བཞིན་གྱི་ལས་ཀ་ཞིག་ཡིན་པར་བརྟེན། སྨན་པ་ཁོང་གིས་རང་ཉིད་ཀྱི་འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས་སྔོན་ཚུད་ནས་སྦྲུམ་མའི་གནས་ཚུལ་ལ་ཤེས་རྟོགས་དང་རྒྱུས་ལོན་བྱས་པ་དང་། སྦྲུམ་མ་བདེ་བླགས་ངང་རྫོང་དང་གྲོང་ཁྱེར་རིམ་པའི་སྨན་ཁང་དུ་དུས་ཐོག་ཏུ་སླེབས་ཐུབ་པ་བྱ་ཆེད། རང་ཉིད་སྒེར་གྱི་ཆེད་སྤྱོད་རླངས་འཁོར་བཏང་ནས་སྨན་ཁང་ཆེ་སར་སྐྱེལ་བ་དང་། སྨན་ཁང་དུ་རང་ཉིད་ཀྱི་ནང་མི་ལྟར་འབྲེལ་ཡོད་འགྲོ་ལུགས་གཉེར་རོགས་བྱེད་པ། སྦྲུམ་མ་བློ་བདེ་བག་ཕེབས་ཀྱིས་སྨན་ཁང་དུ་གནས་མལ་མ་བྱུང་བར་དུ་རང་གི་སྒེར་དོན་རྒྱབ་ཏུ་བསྐྱུར་ནས་སྦྲུམ་མ་ཉེན་ཁ་ལས་ཐར་ཐབས་བྱེད་པ་བཅས། གྲོང་ཚོའི་མང་ཚོགས་ཀྱིས་དེ་ལྟ་བུའི་སྨན་པ་དཀྱུས་མ་ཞིག་གི་ཆེས་སྤྱིར་བཏང་མིན་པའི་ལས་ཀའི་འགན་སེམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད།

    བྱིས་པ་ནི་ཁྱིམ་ཚང་ཞིག་གི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་ཞིང་། བྱིས་པའི་བདེ་ཐང་ནི་བདེ་སྐྱིད་ཀྱི་མ་རྩ་ཆེ་ཤོས་ཡིན་པས། གྲོང་ཚོའི་བྱིས་པའི་རིམས་ནད་སྔོན་འགོག་གི་ལས་དོན་རྣམས་བདེ་བླགས་ངང་ལེགས་གྲུབ་ཡོང་ཆེད། ཁོང་གིས་ཁྱིམ་ཚང་རེ་རེའི་བྱིས་པའི་ཆ་འཕྲིན་རྣམས་སེམས་ལ་གསལ་པོར་ངེས་ཡོད་ལ། བྱིས་པའི་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ལས་རིམ་ཁག་ཀྱང་འཐུས་སྒོ་ཇེ་ཚང་དུ་བཏང་བས། གྲོང་ཚོའི་བྱིས་པ་ཡོངས་ཀྱི་གཟུགས་གཞི་བདེ་ཐང་ངང་འཚར་ལོངས་ཡོང་བར་རང་ནུས་ཡོད་ཚད་འདོན་བཞིན་ཡོད་པ་རེད།

    རྒན་རྒོན་བཞིན་གྱི་འཛུམ་མདངས་ནི་བུ་ཕྲུག་ཡོངས་ཀྱི་བསོད་ནམས་ཡིན་ཟེར་བ་བཞིན། སྨན་པ་བུ་ཆུང་གིས་གྲོང་ཚོའི་རྒན་རྒོན་ཚོར་ཡང་སུན་སྣང་དང་། འཛེམས་དོགས། སྐྱུག་བྲོ་སོགས་གཏན་ནས་མེད་པར་སེམས་རྩ་འཁོལ་པོས་ཁྲག་ཤེད་བཅག་ཐབས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲག་སྨན་བསྟེན་ཚུལ་དང་ལུས་སྦྱོང་བྱེད་ཚུལ་གྱི་ཐབས་ཤེས་ཁག་བསླབས་པ་བཅས་བྱེད་བཞིན་ཡོད་པས་སྟོད་སྤོ་གྲོང་ཚོའི་རྒན་དར་གཞོན་གསུམ་གྱི་ལུས་ཁམས་བདེ་ཐང་ཡོང་ཆེད་མང་ཚོགས་ལ་སྟབས་བདེ་གང་སྤྲོད་ཐུབ་ཐུབ་དང་། བསམ་བློ་གང་གཏོང་ཐུབ་ཐུབ། ཐབས་ཤེས་གང་འཚོལ་ཐུབ་ཐུབ་བཅས་ཁ་ཡོད་ལག་ཡོད་ཀྱིས་དམངས་ལ་ཕན་ཐོགས་མང་པོ་སྒྲུབ་བཞིན་མཆིས། 

    ལྷག་པར་ཏོག་དབྱིབས་ནད་དུག་ལ་བཀག་འགོག་བྱེད་པའི་ལས་དོན་སྤེལ་རིང་ཁོང་གིས་གྲོང་ཚོའི་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་ཟླ་བ་གསུམ་ཧྲིལ་པོ་རང་ཁྱིམ་དུ་ལོག་ཁོམ་བྱུང་མེད་ལ། གོང་རིམ་གྱི་བཀའ་འགོས་དང་ལེན་བྱས་ནས་རིམས་ནད་འགོག་པའི་གཡུལ་ས་མདུན་མར་སྨན་པའི་འགན་འཁྲི་དང་དུ་ལེན་ནས་ལས་འགན་ལེགས་པར་གྲུབ་ཡོད་པས་ཁོང་གི་སྨན་པའི་སྤྱོད་ཚུལ་བཟང་ཞིང་སྨན་བཅོས་ལག་རྩལ་ལེགས་པར་གྲོང་ཚོའི་སྐྱེ་བོ་ཀུན་གྱིས་བསྔགས་བཞིན་ཡོད་ལ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྟོད་སྤོ་གྲོང་ཚོའི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་ཐོག་བཀྲག་མདངས་ཆེ་བའི་སྐར་ཆེན་ཞིག་མ་ཡིན་ཅི་ལ་སྲིད།

    རྩོམ་པ་པོ། འཕྱོངས་རྒྱས་རྫོང་རྒྱལ་སྨན་སློབ་ཆུང་གི་ལྷ་ཕྲུག

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།