དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གཡུ་གཞོང་མཛེས་པའི་ཞིང་ཁམས་སུ། ཐོན་ལས་དབྱར་མཚོ་རྒྱས་པ་བཞིན།

    ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་ཚོས་སྐྱེ་ཁམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-29

    དགུན་ཟླ་ར་བའི་དུས་འདིར། བསིལ་རླུང་གིས་དེད་པའི་ལྗོན་ཤིང་གི་ལོ་མ་སེར་པོ་དག་ནི་མཁའ་དབྱིངས་སུ་ལྡེམ་ལྡེམ་བྲོ་གར་འཁྲབ་པར་བྲེལ་ཞིང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་མཚོའི་ངོགས་སུ་གནས་པའི་ར་འོག་གྲོང་ཚོ་ནི་གངས་རི་དང་ར་འོག་མཚོའི་རྒྱན་གྱིས་བརྒྱན་པ་ལྟར་ཅི་འདྲའི་ལྟ་ན་སྡུག་ཅིང་ཡིད་དབང་འཕྲོག་ཨང་། རྒྱལ་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་གྱི་ཚོགས་ནི་ཆུ་ལྟར་བཞུར་བ་དང་། ཡུལ་མི་ཚོ་ནི་ཅི་འཕྲོས་མོལ་འཕྲོས་ཀྱི་ཁྲོད་དུ་དགོད་སྒྲས་མྱོས་པ། ཡུལ་སྐོར་བ་ཚོས་པར་ཆས་ཁྱེར་ནས་མིག་མདུན་གྱི་མཛེས་ལྗོངས་པར་རྒྱག་པར་བྲེལ་བ་བཅས་གནས་དེའི་ཕྱོགས་གང་ས་ནས་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་འོང་།

    ར་འོག་གྲོང་ཚོ་ནི་རྒྱལ་ལམ་318རྒྱུད་ཀྱི་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་། ར་འོག་མཚོ་སོགས་མཛེས་ལྗོངས་ཁུལ་ཇི་སྙེད་ཅིག་ཡོད་པས། ས་མཐོའི་མཚོ་མཚེའུ་དང་། རྩྭ་ཐང་། འདམ་ར་སོགས་ལས་གྲུབ་པའི་ས་མཐོའི་མཛེས་ལྗོངས་ཤིག་མིག་མཐར་འཆར་བ་དང་། ལྷག་པར་དུ་གནས་དེ་ནི་ལ་སྒོ་འཁྱག་རོམ་དང་ར་ནག་རྩྭ་ཐང་སོགས་ཀྱི་མཛེས་ལྗོངས་ཁུལ་དང་ཐག་ཉེ་པོ་ཡོད།

    2015ལོ་ནས་བཟུང་། ར་འོག་གྲོང་ཚོར་སྔ་རྗེས་སུ་ལྗོངས་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་དང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྲོང་ཚོ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ། རྫོང་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་མ་ཟད། འཕེལ་རྒྱས་ཀྱི་མཐོ་རླབས་ཤིག་ཀྱང་ངང་གིས་འཕྱུར་ཡོད།

    ར་འོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅང་ཞུང་གིས། ང་ར་འོག་གྲོང་ཚོར་སླེབས་མ་ཐག་ཡིན། མ་གཞི་འདི་གར་ཆུ་སྣ་འཛོམས་པ་དང་ཁོར་ཡུག་ཀྱང་སྐྱིད་སྣང་དོད་པོ་ཡོད། འོན་ཀྱང་། གྲོང་ཚོའི་ཁང་པ་གོག་ཧྲུལ་དང་འདམ་རྫབ་ཀྱི་ལམ་མཐོང་དུས། ང་ལ་སེམས་ཁྲལ་ཆེན་པོ་ཡོང་གི་འདུག་ཅེས་བརྗོད།

    2015ལོའི་ལོ་མཇུག་ཏུ། ར་འོག་གྲོང་ཚོས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བའི་གོ་སྐབས་ལ་དམ་འཛིན་གྱིས་ར་འོག་གི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་བསྐྲུན་པ་དང་། ར་འོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟ་ལས་སྒར་ས་དང་ལྟོ་སྣོད་གཙང་འཁྲུད་ཀུང་སི་སོགས་བཙུགས་པ་རེད། སྲིད་གཞུང་དང་། མང་ཚོགས། ཁེ་ལས་བཅས་ཀྱི་ཐུན་མོང་འབད་བརྩོན་ལས། ཡུལ་མིའི་འཚོ་བ་དང་ཡོང་འབབ་སྣ་མང་ཅན་མངོན་འགྱུར་བྱུང་སྟེ། ཁོ་ཚོའི་སྐྱིད་སྣང་ལྷག་ཏུ་འཕེལ་ཡོད། ར་འོག་གྲོང་ཚོའི་གྲོང་མི་ཆོས་གསུམ་གྱིས། དེ་སྔོན་ང་ཚོའི་གྲོང་ཚོའི་སྲང་ལམ་གྱི་གཡས་གཡོན་དུ་མགྲོན་ཁང་དང་ཚོང་ཁང་ཁ་ཤས་ལས་མེད། ད་ཆ་འགྲོ་ལམ་གཙང་ལ་གྲལ་འགྲིག་པ་དང་། ཨར་ཁང་དང་། གསོལ་མགྲོན་ཁང་། སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ཁང་། ཇ་ཁང་། རྒྱ་ཁོག་ཟ་ཁང་བཅས་གང་དགོས་ཅི་དགོས་ཡོད་པར་མ་ཟད། ད་དུང་ས་གནས་འདི་གའི་ཡུལ་མི་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པར་སྣེ་ཁྲིད་ཐུབ་ཡོད། ད་ཆ་གྲོང་ཚོའི་རྣམ་པ་སྐྱ་ནམ་རྒྱས་སུ་ཕྱིན་པ་མ་ཟད། ཡུལ་མིའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་10པའི་བར་དུ། ར་འོག་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུས་ཡུལ་སྐོར་བ་མི་ཐེངས་ཁྲི་19.5ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་4390ལྷག་ཙམ་བྱུང་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་ཁྱོན་མང་ཚོགས་1264ལ་ཡོང་འབབ་བཏོད་ནས། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ལོའི་ཡོང་འབབ་སྒོར་ཁྲི་3.6ཟིན་ཡོད་པ་རེད།

    ར་འོག་གྲོང་ཚོར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ར་འོག་གྲོང་ཚོར་སྐྱེ་ཁམས་ཐད་ཀྱི་ལས་གནས་99ཡོད་པ་དང་། མི་ཐབས་ལ་བརྟེན་ནས་བཏབ་པའི་རྩྭའི་རྒྱ་ཁྱོན་མུའུ་2546.6ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཀྱི་ཤིང་འཛུགས་སྔོ་འགྱུར་གྱི་རྒྱ་ཁྱོན་མུའུ་6ཟིན་པ། ཡུལ་མི་མང་པོའི་ཁྱིམ་དུ་ཉི་འོད་དྲོད་ཁང་བསྐྲུན་ཡོད་པ་མ་ཟད། མིག་གི་རྒྱན་དུ་གྱུར་པའི་མེ་ཏོག་ཀྱང་བཏབ་ཡོད་པ་རེད། དེ་དང་ཆབས་ཅིག གྲོང་ཚོའི་བདེ་སྡོད་ལས་གྲྭ་དང་། “གསང་སྤྱོད་གསར་བརྗེའི”འདུ་འགོད་སོགས་ལག་ལེན་བསྟར་བ་བརྒྱུད། དུད་ཚང་མང་པོར་འཁྲུད་བཤལ་ཆོག་པའི་གསང་སྤྱོད་བསྐྲུན་པ་མ་ཟད། དུད་ཚང་74ཡི་གསང་སྤྱོད་ཚང་མར་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་ཁས་ལེན་ཐོབ་་ཡོད་ལ། ད་དུང་། གྲོང་ཚོ་དང་མཛེས་ལྗོངས་ཁུལ་དུའང་སྤྱི་པའི་གསང་སྤྱོད་ཁག་3བརྒྱབ་ཡོད་པ་རེད། གཞན་ཡང་། ར་འོག་གྲོང་ཚོས་གཟའ་འཁོར་རེར་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱེད་སྒོ་ཆེན་པོ་ཐེངས་རེ་སྤེལ་ནས་གཙང་པོ་དང་མཚོ་མཚེའུ་ཡི་གད་སྙིགས་དང་། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་གྱི་གད་སྙིགས། ཁང་པའི་རྒྱབ་མདུན་གྱི་གད་སྙིགས་སོགས་དུས་ཐོག་ཏུ་བསྒྲུགས་ནས། གྲོང་ཚོའི་རྣམ་པ་གཙང་ལ་སྐྱིད་སྣང་དོད་པ་ཞིག་ཡོང་བར་འགན་ལེན་བྱེད་བཞིན་མཆིས།

    ད་ཆའི་ར་འོག་གྲོང་ཚོ་ནི་འཆར་འགོད་ཡོད་པ་དང་། ཁོར་ཡུག་མཛེས་པ། ཐོན་ལས་ལ་ཁྱད་ཆོས་ལྡན་པ། འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོད་ཅིང་། གྲོང་ཚོའི་གོང་འོག་ཚང་མས་མུ་མཐུད་དེ་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ལེགས་ཆ་དང་ལྟ་ན་སྡུག་པའི་ཁོར་ཡུག་ལ་བརྟེན་ནས། དེ་བས་འབྱོར་ཕྱུག་ལྡན་ལ་སྐྱིད་སྣང་དོད་པའི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དང་སྐྱོད་མུས་ལགས་སོ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།