སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་གྱིས།
ནས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པ་བཏོད་པ།
སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོ་ནི་མངའ་རིས་ས་ཁུལ་གྱི་ནས་དང་པད་ཁའི་ཐོན་འབོར་མང་པོ་དེ་ཙམ་མེད་པའི་ས་ཆ་ཞིག་རེད། སྟོན་དུས་སུ། ཞི་བདེ་གྲོང་ཚོའི་ཞིང་ནང་དུ་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་དང་། བརྔ་བསྡུའི་འཕྲུལ་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཡང་བྲེལ་བརྩོན་ཤིན་ཏུ་ཆེ། ཞིང་པ་འགའ་ཞིག་གིས་ཆུན་པོ་རྒྱག་པ་དང་ལ་ལས་གཡུལ་ཁར་ཚར་མ་དབོར་བ་ལས་འཁྲུག་ཆ་དོད་པའི་སྟོན་བསྡུའི་རྣམ་པ་ཞིག་མངོན། དེ་དུས་མི་རྣམས་ལ་ལོ་ལེགས་བྱུང་བ་མ་ཟད། ལོ་ལེགས་ཀྱི་སྤྲོ་སྣང་དང་བདེ་སྐྱིད་དེ་བས་བྱུང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞི་བདེ་གྲོང་ཚོས་ཐོན་ཁུངས་ཀྱི་ཆ་རྐྱེན་དང་། ཐོན་ལས་ཀྱི་རྨང་གཞི། མང་ཚོགས་ཀྱི་དགོས་མཁོ་བཅས་ལ་གཞི་ཚུགས་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞི་བདེ་ཁོའོ་ཡོན་ཏི་བཟའ་བཅའ་ཚད་ཡོད་ཀུང་སི་བཙུགས་ཤིང་། ཀུང་སིའི་སྐུལ་ཁྲིད་བརྒྱུད་ནས་ཕྱིར་ཚོང་གི་གནད་དོན་ལ་ཡུལ་མི་ཚོས་སེམས་ཁྲལ་བྱེད་དགོས་མེད། ལོ་ལྟར་ཀུང་སིས་ཞིང་པའི་ས་ནས་ནས་དང་། པད་ཁ། སྲན་མ་སོགས་ཉོས་ཏེ་ཞི་བདེའི་རྩམ་པ་དཀར་པོ་དང་། པད་ཁའི་སྣུམ། མེན་པའོ་སོགས་ཀྱི་ཐོན་རྫས་བཟོ་བར་སྤྱོད་ཀྱི་ཡོད། དེ་ལས་ཞི་བདེ་གྲོང་ཚོའི་ཞིང་པར་ཕྱིར་ཚོང་གི་ཐབས་ལམ་བརྟན་པོ་ཞིག་བྱུང་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་འབབ་འཕར་ལ་སྐུལ་མ་ཐེབས་པ་མ་ཟད། ད་དུང་ཡུལ་མིའི་ཚོགས་སྒྲིག་རྣམ་པའི་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།
“ཞི་བདེ་གྲོང་ཚོར་ཁྱོན་ས་ཞིང་མུའུ་1160ལྷག་ཙམ་ཡོད། རྩམ་པ་ལས་སྣོན་བཟོ་གྲྭས་མང་ཚོགས་ཀྱི་ལག་ནས་ནས་སྤྱི་རྒྱ་ཁྲི་10ཙམ་ཉོས་ཏེ་ཚང་མའི་ནས་ཚོང་ལམ་གྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད”ཅེས་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་བརྗོད།
“ངའི་ཁྱིམ་ལ་ས་ཞིང་མུའུ་11ཡོད། ད་ཆ་ནས་འཚོང་ལམ་ཧ་ཅང་ཡངས་པོ་འདུག རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་ཚུན། ནས་རྒྱ་མ་རེར་སྒོར་2.5བྱས་ནས་ཉོ་གི་ཡོད། དེ་སྔ་རིན་གོང་མཐོ་པོ་འདི་འདྲ་རག་གི་མི་འདུག ད་ལོ་ང་ཚོའི་ཁྱིམ་གྱི་ནས་རྒྱ་མ་2000ལྷག་ཙམ་བཙོངས་པར་སྒོར་5000ལྷག་ཙམ་བྱུང”ཞེས་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོའི་ཡུལ་མི་ཚེ་རིང་པ་སངས་ཀྱིས་བརྗོད།
ཞི་བདེ་གྲོང་ཚོས་འབྲུ་རིགས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཞིང་ལས་མཉམ་སྡེབ་དོ་དམ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་དུད་ཀྱི་འདེབས་འཛུགས་དང་། ཐོན་འབབ། བྲིན་ཚོང་བཅས་ཡག་པོ་བྱུང་ནས་ཞིང་པར་ལོ་ལེགས་བྱུང་བ་མ་ཟད། ཕྱུག་འགྱུར་གྱི་སྤྲོ་སྣང་དང་བདེ་སྐྱིད་དེ་བས་བྱུང་ཡོད། འདི་ལོ་ཞི་བདེ་གྲོང་ཚོའི་ས་ཞིང་མུའུ་རེ་ནས་ཐོན་འབབ་རྒྱ་མ་687ཟིན་པ་དེ་ན་ནིང་ལས་5.2%འཕར་ནས་ཐོན་འཕར་བྱུང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་པ་དང་ཞིང་པའི་ཧུར་སེམས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མངོན་བཞིན་ཡོད་པ་རེད།