ཕྱུགས་རིགས་གསོ་ཚགས་བྱས། ཕྱུག་འགྱུར་ལམ་བུར་བསྐྱོད།
ཁང་དམར་རྫོང་གིས་ཡར་ཀླུང་གངས་ནོར་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བའི་སྐོར་བཀོད་པ།
ཉིན་དགུང་མཚམས་སུ་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གམ་རུ་ཤང་སྤེན་ཆུང་གྲོང་ཚོར་ཉི་འོད་རབ་ཏུ་འཚེར་ནས་དྲོ་སོབ་སོབ་ཏུ་གྱུར་ཞིང་། གནམ་གཤིས་ཡག་པའི་སྐབས་དང་བསྟུན་ནས་གསོ་ཚགས་པ་དགྲ་འདུལ་གྱིས་ཕྱུགས་ཟོག་ཕྱུགས་རར་དེད།
“ཕྱུགས་ཟོག་འདི་དག་ནི་གྲོང་ཚོའི་ནོར་བུ་རེད། ང་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བར་འདི་དག་དང་ཁ་འབྲལ་ཐབས་མེད”ཅེས་དགྲ་འདུལ་གྱིས་འཛུམ་དམུལ་དམུལ་ངང་བརྗོད།
དགྲ་འདུལ་གྱིས་ཤོད་བཞིན་པའི“ནོར་བུ”ཞེས་པ་ནི་རང་ལྗོངས་ཀྱི་ཚོང་སྒྱུར་ཚགས་ཤ་དང་པོ་སྟེ་ཡར་ཀླུང་གངས་ནོར་ཡིན་ཞིང་། དེ་ནི་རང་སྐྱོང་ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་འབྲི་གཡག་དང་། གླང་། ཨན་ཀེ་སིའི་གླང་བཅས“རིགས་གསུམ་རྒྱུད་འདྲེས”ཀྱི་ལག་རྩལ་ལ་བརྟེན་ནས་གསོ་སྤེལ་བྱས་པའི་རྒྱུད་འདྲེས་ནོར་ཡིན་པ་དང་། དེར་འཚར་ལོངས་མགྱོགས་པ་དང་། ནད་འགོག་ནུས་པ་ཆེ་བ། ཤ་ཤེད་བཟང་བ་བཅས་ཀྱི་ལེགས་ཆ་ལྡན་ཡོད།
ཉེ་བའི་ལོ་ཤས་རིང་འབྲོག་ལས་གཙོ་བོར་བྱས་པའི་ས་མ་འབྲོག་གི་མཐའ་མཚམས་རྫོང་ཞིག་ཡིན་པའི་ཁང་དམར་རྫོང་གིས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་འབྲི་གཡག་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་བརྟེན་ནས་འབྲི་གཡག་གི་དཔལ་འབྱོར་མཉམ་ལས་རྣམ་གྲངས་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་བཏང་སྟེ“རིགས་གསུམ་རྒྱུད་འདྲེས”ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་ཚགས་ཤའི་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།
ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་པ་ནི་ཕྱུགས་ཟོག་གསོ་ཚགས་བྱས་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པའི་འགག་རྩ་ཡིན་ཞིང་། ཡར་ཀླུང་གངས་ནོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཕ་སྦྱོར་དང་། སྐྱེ་བསུ། ཚན་རིག་དང་མཐུན་པའི་གསོ་ཚགས་བཅས་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བར་གྱི་ལྷུ་ཚིགས་ཚང་མར་ལག་རྩལ་གྱི་འདེགས་སྐྱོར་བྱེད་དགོས་ཀྱི་ཡོད། ཁང་དམར་རྫོང་གིས་སྔ་རྗེས་སུ་གྲོང་གསེབ་ཀྱི་ལག་རྩལ་པ་ལྷ་ས་སོགས་སུ་སློབ་སྦྱོང་དང་གསོ་སྦྱོང་ལ་བཏང་ནས་རྒྱུད་སྤེལ་གྱི་བཀོལ་སྤྱོད་ནུས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་གསོ་ཚགས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་ལ་བབས་ས་ནི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རེད།
ཞིང་འབྲོག་པའི་ཁེ་ཕན་ལ་གྱོང་གུན་མི་ཕོག་པ་བྱ་ཆེད། ཕ་སྦྱོར་བྱ་ཡུལ་ནས་ཕ་སྦྱོར་སྒྲིག་ཆས་དང་། གློག་རྡུལ་རྣ་ཆ། འཁྱགས་གཏོང་ཁམས་དཀར་ཉོ་སྒྲུབ་བཅས་ཀྱི་བར་དང་། དེ་ནས་ཁ་གསབ་སྣ་ཚོགས་སྤྲོད་པའི་བར་ཁང་དམར་རྫོང་གིས་ལྷུ་ཚིགས་ཚང་མ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་ཡོད།
དཔེར་ན། རྫོང་ནས་ཕྱུགས་ཟོག་རེར་ཕ་སྦྱོར་འགྲོ་གྲོན་སྒོར་50སྤྲོད་པ་དང་རྒྱུད་འདྲེས་བེའུ་རེ་སྐྱེས་ཚེ་ཕ་སྦྱོར་བྱེད་མཁན་ལ་བྱ་དགའ་སྒོར་200སྤྲོད་པ། རྣམ་གྲངས་དེར་ཞུགས་པའི་ཞིང་འབྲོག་མང་ཚོགས་ཚང་མར་འབྲེལ་ཡོད་སྲིད་ཇུས་ཀྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་མངལ་ཆགས་རིང་གི་མོ་ཕྱུགས་རེ་རེར་གཟན་རྩྭ་དང་གཟན་ཆག་གི་ཁ་གསབ་སྒོར་1000ལེན་རྒྱུ་ཡོད་པ། མངལ་མ་ཆགས་པའི་མོ་ཕྱུགས་རེར་ཁ་གསབ་སྒོར་1500ལེན་རྒྱུ་ཡོད་པ་བཅས་ཀྱི་ཁས་བླངས་པ་རེད།
ནོར་བུ་ནི་སྤེན་ཆུང་གྲོང་ཚོའི་ཕྱུགས་རིགས་སྨན་པ་ཞིག་ཡིན་ཞིང་། 2019ལོ་ནས་2022ལོ་བར་ཁོང་གིས་བསྡོམས་ཡར་ཀླུང་གངས་ནོར་582ཕ་སྦྱོར་བྱས་པར་541གསོན་ནས་རྣམ་གྲངས་དེ་ཁོ་ནར་བྱ་དགའ་སྒོར་ཁྲི་11.81རག་ཡོད། དེ་དང་དུས་མཚུངས་ཁོང་གི་ལག་རྩལ་བྱང་ཆུབ་པར་བརྟེན་ཡུལ་དེའི་མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་པ་མ་ཟད། ད་དུང་རྫོང་ཡོངས་ཀྱི་ཕྱུགས་རིགས་སྨན་པ་གསོ་སྦྱོང་གི་ལག་རྩལ་མཛུབ་ཁྲིད་དགེ་རྒན་དུ་གྱུར་ཡོད།
“ཡར་ཀླུང་གངས་ནོར་སྐྱེས་ནས་ཟླ་གསུམ་སོང་རྗེས་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་ཉོ་བ་དང་། སྤྱི་རྒྱ་65ལོན་ཚེ་ཕྱུགས་ཟོག་རེར་སྒོར་3000སྤྲད་དེ་ཉོ་ཡི་ཡོད་པས་སྲིད་ཇུས་དེ་ཡོད་སྟབས་གསོ་སྤེལ་དུད་ཚང་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་ཐུབ་ཡོད”ཁང་དམར་རྫོང་ཞིང་ལས་གྲོང་གསེབ་ཅུས(གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཅུས)ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་འབྱོར་ལྡན་གྱིས། ན་ནིང་སྤེན་ཆུང་གྲོང་ཚོའི་ནང་མི་གསུམ་ཡོད་པའི་ཞིང་འབྲོག་དུད་ཚང་ཞིག་གིས་མཛོ་མོ་7གསོ་སྤེལ་བྱས་པ་ཚང་མ་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་རྣམ་གྲངས་སུ་ཞུགས་པ་དང་ལོ་རྗེས་མར་ཟླ་བ་གསུམ་ལ་སླེབས་པའི(སྤྱི་རྒྱ་65ཡོད་པ)ཡར་ཀླུང་གངས་ནོར་གྱི་བེའུ་6བཙོངས་ཏེ་ཁྱིམ་ཚང་ལ་ཡོང་འབབ་སྒོར་ཁྲི་1.8བྱུང་བའི་ཁར་སྲིད་ཇུས་ཀྱི་ཁ་གསབ་དང་། མཛོ་མོའི་རྒྱུན་གཏན་གྱི་འོ་མ། མར་སོགས་ཀྱི་ཡོང་འབབ་བསྡོམས་སྒོར་ཁྲི་2.3ལྷག་ཙམ་བྱུང་བ་རེད།