ཟངས་རི་རྫོང་རྫིང་ཕྱི་ཤང་གིས“གྲོང་སྦྲེལ་ཏང་ཨུད”བཙུགས་ནས་གྲོང་གསེབ་ དར་རྒྱས་ལ་རམ་འདེགས་བྱས་པ།
གྲོང་གསེབ་ཐོན་ལས་ཀྱི་ཕན་འབྲས་ཞན་པ་དང་གནད་སྨིན་འཐུས་ཚང་གི་ཐོན་ལས་འཁོར་འབྲེལ་མི་འདང་བ་སོགས་ཀྱི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་ཆེད། ཟངས་རི་རྫོང་རྫིང་ཕྱི་ཤང་གིས“གྲོང་སྦྲེལ་ཏང་ཨུད”བཙུགས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྫིང་ཕྱི་ཤང་གྲོང་སྦྲེལ་ཏང་ཨུད་ཀྱིས་ཞོལ་པའི་ཆུ་ཚན་ཚད་བརྒལ་བྱེད་སར་བྱས་ཏེ་ཞོལ་པ་དང་། བསྐྲབ་པ། ཚོད་པ། མཁར་སྣ་སོགས་སྲིད་འཛིན་གྲོང་ཚོ་4ཡི་དུད་ཚང་414དང་གྲོང་མི་1567གྲོང་སྦྲེལ་ཏང་ཨུད་ནང་བཅུག་པ་རེད། “གནད་ཀྱིས་ཁྱོན་འཁྲིད་པ་དང་། ཁྱབ་འགྱེད་སྐུལ་ཁྲིད། དཔུང་སྒྲིལ་རོགས་རེས”སོགས་ཀྱི་བྱེད་ཐབས་བརྒྱུད་མཉམ་སྐྲུན་གྲོང་ཚོའི་ཆུ་ཚན་དང་། བཟའ་བཏུང་། ཞག་སྡོད་སོགས་ཀྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་རྫིང་ཕྱི་ཤང་གི་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་བསྣན་ཡོད།
རྫིང་ཕྱི་ཤང་གྲོང་སྦྲེལ་ཏང་ཨུད་ཀྱིས་སྒྲིག་སྲོལ་དང་ལམ་ལུགས་མང་པོ་བཟོས་ནས“རྩ་འཛུགས་མཉམ་འཛུགས་དང་། ཐོན་ལས་མཉམ་འབྲེལ། བྱེད་སྒོ་མཉམ་གཉེར”སོགས་ཀྱི་ལས་དོན་སྒྲུབ་སྟངས་འཚོལ་ཞིབ་ཀྱིས་ལག་བསྟར་བྱས་པས་རྫིང་ཕྱི་ཤང་གྲོང་སྦྲེལ་ཏང་ཨུད“ཀྲི་པུའུ་ཆུང་ངུས་ཁེར་རྐྱང་འབད་འཐབ་བྱེད་པ”ནས“ཏང་ཨུད་ཆེ་མོས་ནུས་ཤུགས་གཅིག་སྒྲིལ་གྱིས་ཕར་རྒོལ་བྱེད་པར”འགྱུར་ལྡོག་བྱུང་ཡོད།
གཞན་ཡང་རྫིང་ཕྱི་ཤང་གི་གྲོང་སྦྲེལ་ཏང་ཨུད་ཀྱིས་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་སྟེ་སྒོར་ཁྲི་200ལྷག་ཙམ་བཏང་ནས་ཆུ་ཚན་གྱི་སྤུས་ཚད་མཐོར་གཏོང་དང་། ཞག་སྡོད་སྒྱུར་བཀོད། འབྲི་གཡག་གསོ་ཚགས་སོགས་ཐོན་ལས་རྣམ་གྲངས་རིམ་སྤོར་བྱས་པ་རེད། ལས་གཉེར་མི་སྣ་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སྔོན་ཐོན་གྱི་འདུ་ཤེས་དང་ལས་ཀའི་ཉམས་མྱོང་སློབ་སྦྱོང་བྱེད་པར་བཏང་ནས་ལས་གཉེར་མི་སྣའི་འབྲེལ་གཏུག་དང་། གཉེར་སྐྱོང་། དོ་དམ། ཞབས་ཞུ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་མ་ཟད། སྔ་རྗེས་སུ་ཆུ་ཚན་དང་དམངས་སྲོལ་གནས་ཚང་དུ་ཐེངས་6བསྐྱོད་དེ་ཁོར་ཡུག་གཙང་སྦྲར་ཞིབ་བཤེར་བྱས་ནས་ཁང་པའི་ནང“བཙོག་ཟིང་ཞན”གསུམ་དང་ལས་དོན་མི་སྣའི་རྣམ་འགྱུར་ངན་པ་སོགས་ཀྱི་སྣང་ཚུལ་མི་ཐོན་པར་བྱས་པ་རེད།
མིག་སྔའི་བར་རྫིང་ཕྱི་ཤང་གི་མཉམ་སྐྲུན་གྲོང་ཚོ་4ཡི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་550ལྷག་ཙམ་ཟིན་པ་དང་། ཆ་སྙོམས་འཕར་ཚད་10%ལས་བརྒལ་བ། མང་ཚོགས་500ལྷག་ཙམ་ལས་ཞུགས་ཐུབ་པ་བཅས་ལས་ཉེ་འཁོར་གྱི་བཟའ་བཏུང་དང་། སིལ་ཚོང་། ཞག་སྡོད་སོགས་ཀྱི་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།