བོད་ལྗོངས་ནག་ཆུས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད” ཅེས་པའི་འགྲན་བསྡུར་བྱས་པ།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ལས་ཅན་གྲོང་ཚོའི་གྲོང་མི་སྐལ་བཟང་ཆོས་འཕེལ་གྱིས་ཤེལ་སྒོར་བལྟས་ནས་གཏམ་བཤད་བྱེད་སྟངས་ཡང་ཡང་སྦྱོང་བཞིན་ཡོད། སླེབས་ཉེར་ཡོད་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་འགྲན་བསྡུར་ལ་གྲུབ་འབྲས་ཡག་པོ་ཐོབ་པར་བྱ་ཆེད། ཁོང་གིས་ཉེ་ཆར་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད།
སྐལ་བཟང་ཆོས་འཕེལ་གྱིས་དཀའ་ལས་ཇི་ལྟར་རྒྱག་གི་ཡོད་མེད་གྲོང་སྡོད་ཧྲུའུ་ཅི་དང་པོ་ལིན་མའེ་ཞན་གྱིས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད། དེ་གོང་སྐལ་བཟང་ཆོས་འཕེལ་གྱིས་སླར་ཡང་ཧྲུའུ་ཅི་བཙལ་ནས“ཧྲུའུ་ཅི་ལགས། ངའི་གཏམ་བཤད་ཡི་གེ་འདིར་བཟོ་བཅོས་གནང་རོགས”ཞེས་ཞུ་བར་ཡོང་།
གཏམ་བཤད་ཡི་གེ་ཚུར་བླངས་ནས་ལྟ་དུས་ཤོག་ངོས་སུ་རྟགས་མང་པོ་བརྒྱབ་ཡོད། ལིན་མའེ་ཞན་དང་སྐལ་བཟང་ཆོས་འཕེལ་གྱིས་གཏམ་བཤད་ཡི་གེའི་མགོ་ནས་མཇུག་བར་ཞིབ་པར་བལྟས་རྗེས་བཟོ་བཅོས་ཡང་ཡང་བརྒྱབ་ནས། སྐལ་བཟང་ཆོས་འཕེལ་ཀློག་བདེ་པོ་ཡོང་བར་བྱས། འགྲན་བསྡུར་མ་བྱས་གོང་ཁོང་གིས་སྐལ་བཟང་ཆོས་འཕེལ་ལ་དངངས་སྐྲག་མེད་པར་ཉམས་འགྱུར་དོད་པོས་འགྲན་བསྡུར་ནང་ཞུགས་དགོས་པའི་ཁ་ཏ་བསླབ་བྱ་བྱས། མཐར་སྐལ་བཟང་ཆོས་འཕེལ་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་འགྲན་བསྡུར་ནང་ཨང་དང་པོ་བླངས།
འདས་ཟིན་པའི་ལོ་གཉིས་རིང་། སྐལ་བཟང་ཆོས་འཕེལ་དང་འདྲ་བའི་དཔེ་མཚོན་མང་པོ་ཐོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་རིམ་སྤེལ་འགྲན་བསྡུར་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་སོགས་ཀྱི་རིམ་པ་བཞིར་སོ་སོར་སྤེལ་བ་དང་། འགྲན་བསྡུར་གྱི་ནང་དོན་ལ་རིག་རྩལ་རིག་གནས་རིགས་དང་། སྐད་དང་ཡི་གེའི་རིགས། ཕ་མ་དང་ཕྲུ་གུ་མཉམ་དུ་ཞུགས་པ། ཐོན་སྐྱེད་རྩལ་ནུས་བཅས་རིགས་ཆེན་པོ་བཞི་ཡོད་པ་དང་བསྡོམས་རིགས་14དང་རྣམ་གྲངས་29ཡི་འགྲན་བསྡུར་གྱི་ཞིབ་ཕྲའི་ནང་དོན་ཡོད། ད་བར་རིམ་རྩིས་བྱས་ན་འགྲན་བསྡུར་ཐེངས་ཁྲི་3.4བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་56ལྷག་ཙམ་ཞུགས་པ། ལྟད་མོ་བ་ཁྲི་360ལྷག་ཙམ་ཟིན་ཡོད།
འགྲན་བསྡུར་རིང་སྦྱོང་བརྡར་ཐེབས་པའི་རྩལ་ནུས་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་བཞིན་ཡོད། ཉིན་ཤས་གོང་སྐལ་བཟང་ཆོས་འཕེལ་གྱིས་རང་གནས་སའི་བྲག་ལས་ཅན་གྲོང་ཚོའི་དཀར་ཆུའི་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཆེད་ལས་མཉམ་ལས་ཁང་གི་ཐོན་རྫས་ལྷ་སར་འཚོང་བར་ཡོང་ཞིང་། རྒྱ་ལམ་འགྲུལ་པ་ཚོར་ཚོང་ཟོག་ངོ་སྤྲོད་བྱེད་ཀྱི་ཡོད། སྔོན་ཆད་ཆ་རྒྱུས་མེད་མཁན་དང་སྐད་ཆ་ཤོད་སྐབས་ངོ་ཚ་སྨིན་པོ་ཡོད། ད་ཆ་ཁོང་གིས་གདེང་ཚོད་ཆེན་པོས་མཉམ་ལས་ཁང་གི་དཀར་ཆུའི་ཐོན་རྫས་སྣ་ཚོགས་མགྲོན་པོར་ངོ་སྤྲོད་བྱེད་ཀྱི་ཡོད།
“ང་ཚོས་འགྲན་བསྡུར་ནང་ཨང་རིམ་བླངས་ཡོད། ད་ཆ་འདི་གར་དངངས་སྐྲག་གང་ཡང་མི་འདུག”ཅེས་སྐལ་བཟང་ཆོས་འཕེལ་གྱིས་གདེང་ཚོད་ཆེན་པོས་བཤད། འགྲན་བསྡུར་ནང་ཞུགས་རྗེས་ཁོང་གི་འཇོན་ཐང་ཆེ་རུ་ཕྱིན་པ་མ་ཟད། ཚོང་གཉེར་གྱི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད། ད་ཆ་ཁོང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་བརྒྱུད་ཐད་གཏོང་བྱས་ནས་དྲ་བ་བརྒྱུད་མཉམ་ལས་ཁང་གི་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ། མཉམ་ལས་ཁང་གི་དཀར་ཆུའི་ཐོན་རྫས་ཀྱི་ཚོང་ལམ་དེ་བས་ཡངས་སུ་གཏོང་རྩིས་ཡོད།
མཚོ་བདེ་ནི་སྐལ་བཟང་ཆོས་འཕེལ་དང་ཕ་ཡུལ་གཅིག་པ་རེད། འགྲན་བསྡུར་ནང་ཞུགས་རྗེས་ཁོང་གི་འཇོན་ཐང་ཚོར་ནས་མཉམ་ལས་ཁང་གིས་བསྡུས་པ་རེད།
འདས་ཟིན་པའི་ལོ་གཉིས་རིང་སྐལ་བཟང་ཆོས་འཕེལ་དང་མཚོ་བདེ་འདྲ་བའི་གཏམ་རྒྱུད་བོད་བྱང་ཐང་དུ་ཐོན་དང་ཐོན་མུས་རེད། དོན་གྲུབ་ནོར་བུ་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་མི་ཡིན་པ་དང་། སྔར་ནས་བཟུང་ཨར་སྐྲུན་ཁེ་ལས་ཤིག་གཉེར་སྐྱོང་བྱེད་བཞིན་ཡོད། ཁེ་ལས་ལ་གཞི་ཁྱོན་ཆུང་ཡང་དོན་གྲུབ་ནོར་བུས་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བ་རང་ཉིད་དང་འདྲ་བར་དབུལ་སྒྲོལ་ཕྱུག་འགྱུར་ཇི་ལྟར་ཡོང་བའི་ཐད་མནོ་བསམ་གཏོང་གི་ཡོད།
2022ལོར“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོ་སྤེལ་འགོ་ཚུགས་རྗེས་དོན་གྲུབ་ནོར་བུས་ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”འདོན་འཇུག་འཕྲུལ་འཁོར་གྱི་འགྲན་བསྡུར་སྐབས་དང་པོར་ཞུགས་ཡོད། འགྲན་བསྡུར་ནང་ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་11གི་ཕུལ་བྱུང་འཐུས་མིའི་ཁྲོད་ནས་འཁོར་རྩལ་བྱང་ཆུབ་ཤོས་ཡིན་པས་འདོན་འཇུག་འཕྲུལ་འཁོར་གཏོང་རྩལ་ཚོགས་ཆུང་གི་ཨང་དང་པོ་བླངས་ཡོད།
ཕ་ཡུལ་དུ་ལོག་རྗེས་ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་ཚོས་ཁོང་ལ་ཡིད་སྨོན་འཆོར་བའི་མིག་ཟུང་འཕེན་གྱི་ཡོད་པའི་སྣང་བ་བྱུང་། ཐོག་མར་གྲོང་མིའི་བསམ་པར་དོན་གྲུབ་ནོར་བུ་ནི་གྲོང་ཚོའི་ནང་གི་གཏོང་རྩལ་ཡག་ཤོས་རེད་སྙམ་པ་ལས་གྲོང་ཁྱེར་ནང་དུ་གཏོང་རྩལ་ཨང་དང་པོ་ལེན་གྱི་རེད་སྙམ་པ་གཏན་ནས་བསམ་མྱོང་མེད། ད་ལྟ་ཁོང་མཐོང་དུས་ཡུལ་མི་ཚོས“རང་གྱོང་པོ་བྱུང”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
རྒྱུ་རྐྱེན་དེའི་དབང་གིས་སྔ་ས་ནས་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་པའི་དོན་གྲུབ་ནོར་བུའི་སྐད་གྲགས་སྔར་བས་ཆེ་རུ་སོང་ཡོད། འགྲན་བསྡུར་ནང་གྲུབ་འབྲས་བཟང་པོ་ཐོབ་པས་དོན་གྲུབ་ནོར་བུ་གྲོང་ཚོའི་ནང་གི་གཞོན་ནུ་མང་པོའི་མིག་དཔེ་ལྟ་སར་གྱུར་བ་དང་། ཁོང་ཚོས་དོན་གྲུབ་ནོར་བུའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད། འགྲན་བསྡུར་ཚར་ནས་ཕ་ཡུལ་དུ་ལོག་རྗེས་གྲོང་ཚོའི་ནང་གི་གཞོན་ནུ་གསུམ་ཁོང་གིས་དགེ་ཕྲུག་ལ་ཉར་ནས་ཁོང་ཚོར་འདོན་འཇུག་འཕྲུལ་འཁོར་གཏོང་རྩལ་བསླབས། ད་ཆ་ཁོང་ཚོར་ལོར་ཡོང་འབབ་སྒོར་38000ལྷག་ཙམ་རག་གི་ཡོད། “སླད་ཕྱིན་ངས་འདོན་འཇུག་འཕྲུལ་འཁོར་གྱི་གསོ་སྦྱོང་བྱ་གཞག་ཡག་པོ་གཉེར་ནས་དགེ་ཕྲུག་མང་ཙམ་བསྡུས་ཏེ་རང་ཉིད་ཀྱི་རྩལ་ནུས་མི་དེ་བས་མང་བར་བསླབས་ནས། ཞིང་འབྲོག་མང་ཚོགས་དེ་བས་མང་བས་རྩལ་ནུས་ཁོང་དུ་ཆུད་པ་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡིན”ཞེས་དོན་གྲུབ་ནོར་བུས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོ་ལོ་གཉིས་ཙམ་རིང་རྒྱུན་མཐུད་ངང་སྤེལ་ནས་མང་ཚོགས་ལ་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་4050.5ཡོང་བར་སྐུལ་ཁྲིད་བྱས་པས། མང་ཚོགས་ཀྱིས་རིམ་རྩིས་བྱས་ན་བོད་ཀྱི་མཐོ་གྲང་ས་ཁུལ་གྱི་ཁྱད་ཆོས་དང་འཚམ་པའི་ཞིང་འབྲོག་གསར་སྤེལ་བརྩམས་ཆོས་ཁྲི་1.9ལྷག་ཙམ་བརྩམས་ཡོད། གཞན་ཡང་རིམ་སྤེལ་བྱེད་སྒོས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལས་དོན་ལ་ཤུགས་སྣོན་ཐེབས་ནས་མི་711ལས་ཞུགས་ཐུབ་པ་དང་མི་86གིས་ལས་གཏོད་བྱེད་པར་སྐུལ་འདེད་བཏང་ཡོད།
“རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཁྱབ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)གཞི་རྟེན་དུ་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱིས་སྤེལ་བའི‘གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད’བྱེད་སྒོས་ཞིང་འབྲོག་པའི་བསམ་པའི་ཉམས་འགྱུར་རྒྱུན་མཐུད་ལེགས་སུ་བཏང་བས་ཞིང་འབྲོག་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། བྱེད་སྒོ་དེ་ལས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་ཐུབ་པ་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ཏེ། མིག་མཐོང་ལག་ཟིན་ཐུབ་པའི་བྱེད་སྒོའི་ཕན་འབྲས་རེ་རེས་གྲོང་གསེབ་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་ལས་ཁང་གི་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་དང་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ཀྱི་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བ་ཧྥན་ལེ་ཡིས་བཤད།