སྣེ་གདོང་ཆུས་བྱ་ས་སྡེ་ཁུལ་གྱིས་སྡེ་ཁུལ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་བ།
བཅོས་སྐྱོང་བཟང་བས་མང་ཚོགས་ཀྱི་འཚོ་བ་བདེ་ཞིང་སྐྱིད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ནི་གྲོང་མི་མང་ཚོགས་ཚོའི་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་དང་། སྤྱི་ཚོགས་བཅོས་སྐྱོང་གི་གཞི་རྩའི་ཚན་པ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ཡག་པོ་བྱེད་པ་ནི་མི་དམངས་བདེ་སྐྱིད་ཁམས་བཟང་ངམ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཆེན་པོ་ཡོད།
ཉིན་ཤས་གོང་། གསར་འགོད་པ་སྣེ་གདོང་ཆུས་བྱ་ས་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་མང་ཚོགས་འཕྲིན་ལས་དབྱངས་སྐྱིད་ཀྱི་ཁྱིམ་དུ་སྐྱོད་སྐབས། དེང་རབས་ཅན་གྱི་ཁང་པའི་མཛེས་བཟོ་དང་གཙང་སྦྲ་དོད་ལ་གྲལ་འགྲིག་པའི་སྒོ་རའི་བཀོད་པ་ལས་མི་རྣམས་ལ་བདེ་ཞིང་སྤྲོ་བའི་སྣང་བ་ཞིག་ངང་གིས་འཆར་འོང་།
ལོ་43ལ་སླེབས་པའི་འཕྲིན་ལས་དབྱངས་སྐྱིད་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ནས་ཡིན་ཞིང་། ལོ་20ལྷག་ཙམ་གྱི་གོང་དུ་སྣེ་གདོང་ཆུས་བྱ་ས་སྡེ་ཁུལ་དུ་སླེབས་པ་དང་བཟའ་ཟླ་སྐལ་བཟང་ཟླ་བ་ནི་བྱ་ས་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་གྲོང་མི་ཞིག་རེད། “ཁོ་ཚོའི་ཁྱིམ་དུ་གཅེན་གཅུང་གསུམ་ཡོད་པ་དང་། ང་འདི་གར་ཐོག་མར་སླེབས་སྐབས་ཁྱིམ་གྱི་ཆ་རྐྱེན་ཧ་ཅང་སྐྱོ་པོ་འདུག ལོ་20ལྷག་ཙམ་སོང་རྗེས་ཀྱི་ད་ཆར་གཅེན་གཅུང་གསུམ་པོར་སོ་སོའི་ཁྱིམ་ཚང་རེ་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་ལོ་འདི་དག་ནང་རང་རང་སོ་སོས་སྡོད་ཁང་གསར་པ་བརྒྱབ་ལ། འཚོ་བའི་ཆ་རྐྱེན་ཡང་གཅིག་ལས་གཅིག་ལེགས་པ་ཡོད”ཅེས་འཕྲིན་ལས་དབྱངས་སྐྱིད་ཀྱིས་བཤད།
དེ་སྔོན་འཕྲིན་ལས་དབྱངས་སྐྱིད་སྡོད་སའི་ཁང་པ་ནི་ཁྲོམ་གཞུང་གི་སྲང་ལམ་གྱི་གསེབ་ཏུ་ཡོད། ཁང་པ་གང་བྱུང་དུ་རྒྱག་པ་དང་། བུད་ཤིང་གང་སར་བརྩིཌ་པ། གད་སྙིགས་གང་བྱུང་དུ་དབྱུགས་པའི་སྣང་ཚུལ་ནི་རྒྱུན་གཏན་རེད། ལྗོངས་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ། གྲོང་ཁྱེར་མཛེས་བཟོ་དང་། དཀར་གསལ། སྔོ་འགྱུར་གྱི་འདུ་འགོད་བཅས་ལག་བསྟར་ལ་སྐུལ་འདེད་བཏང་རྗེས་སྒོ་འགྲམ་དུ་ལམ་སྒྲོན་བསྒར་ཞིང་། ཨར་འདམ་ལམ་སྒོ་རྩར་བཏིངས་ཡོད་པ་དང་། ཡ་རབས་སྲོལ་གསར་མང་ཚོགས་ཀྱི་འཚོ་བར་ཁྱབ་གདལ་བྱུང་བ་རེད།
བྱ་ས་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་རིག་འཛིན་གྱིས་ངོ་སྤྲོད་བྱས་དོན། སྡེ་ཁུལ་གྱིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་ཀའི་དུས་ཚིགས་ཀྱི་དཔྱད་བསྡུར་ལ་ཕུལ་བྱུང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིར་བྱ་དགའ་སྒོར་2000སྤྲད་པ་མ་ཟད། ད་དུང་མཉམ་སྡོད་མཉམ་སྐྲུན་ཚན་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས“ཚོན་མདོག་སྣ་བདུན་གྱི་དང་བླངས་པའི”ཞབས་འདེགས་བྱེད་སྒོ་སྤེལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་ལ་སྔར་བས་འགན་སྲུང་ཡོད་ལ་རྒྱུན་མཐུད་ཐུབ་པར་བྱས་པ་རེད།
རང་ལྗོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ཚུན། མང་ཚོགས་ཀྱི་ཕྲུ་གུར་བྱིས་དུས་སྐྱོང་མཁན་ཡོད་པ་དང་སྦྱོང་དུས་སློབ་མཁན་ཡོད་པ་རེད། འཕྲིན་ལས་དབྱངས་སྐྱིད་ནི་སྲིད་ཇུས་དེའི་ཕན་པ་འཐོབ་མཁན་ཞིག་རེད།
“ད་ཆ་ང་ཚོར་དཔལ་འབྱོར་གྱི་གནོན་ཤུགས་མེད་ལ་ཕྲུ་གུ་ཚོའི་འཚོ་བའི་འགྲོ་གྲོན་ཐད་ཀྱང་སེམས་ཁྲལ་མི་འདུག ནན་ཁྲང་དུ་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་པའི་བུ་མོར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་600འདུག ད་ལོར་སློབ་གྲྭར་སྐྱོད་སྐབས་འཚོ་བའི་འགྲོ་གྲོན་སྒོར་2000བསྐུར་བ་ད་ལྟའི་བར་དུ་ཕིང་གཅིག་ཀྱང་བེད་སྤྱོད་བཏང་མི་འདུག”ཅེས་འཕྲིན་ལས་དབྱངས་སྐྱིད་ཀྱིས་བཤད།
སྡེ་ཁུལ་གྱི་ཕྲུ་གུའི་སློབ་སྦྱོང་དང་སློབ་གསོའི་ཐད་ཁྱིམ་ཚང་རང་ངོས་ཀྱིས་མཐོང་ཆེན་བྱེད་པ་ཕུད། སྡེ་ཁུལ་གྱིས་ཀྱང་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། “2018ལོར་མ་རྐང་མཉམ་ལས་ཁང་བཙུགས་པ་ནས་བཟུང་། མཉམ་ལས་ཁང་གིས་ལོ་ལྟར་མ་དངུལ་བཏོན་ནས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་རེར་བྱ་དགའ་སྒོར་1000སྤྲོད་པ་དང་། སློབ་སྦྱོང་ལ་སྐུལ་འདེད་བཏང་བའི་ཕན་འབྲས་ཧ་ཅང་བཟང་ལ། སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པའི་སློབ་མའང་སྔར་བས་མང་དུ་ཕྱིན་ཡོད། ད་ལོར་སྡེ་ཁུལ་གྱིས་བྱ་དགའི་ཚད་གཞི་མཐོ་རུ་བཏང་བ་སྟེ། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མར་སློབ་ཡོན་ཆ་ཚང་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། དངོས་གཞིའི་ཚན་ཁག་རྩེ་གྲར་རྒྱུགས་འཕྲོད་པའི་སློབ་མ་རེར་བྱ་དགའ་སྒོར་ཁྲི་1སྤྲོད་པ་དང་ཁྱིམ་ཚང་ལ་བྱ་དགའ་སྒོར་5000སྤྲོད་པ། དངོས་གཞིའི་ཚན་ཁག་དཀྱུས་མར་ཡིག་རྒྱུགས་འཕྲོད་པའི་སློབ་མར་བྱ་དགའ་སྒོར་8000སྤྲོད་པ། སློབ་ཆུང་ནས་ནང་སར་ཡིག་རྒྱུགས་འཕྲོད་པའི་སློབ་མར་བྱ་དགའ་སྒོར་ཁྲི་1སྤྲོད་ཀྱི་ཡོད་ཅེས་སྐར་མ་ཆེ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བྱ་ས་སྡེ་ཁུལ་མ་རྐང་མཉམ་ལས་ཁང་གི་ལས་འཛིན་པ་པ་སངས་ཀྱིས་བཤད།
གྲོང་གསེབ་ཀྱི་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལས་དོན་གྱི་སྐུལ་འདེད་འོག 2018ལོར་བྱ་ས་སྡེ་ཁུལ་གྱི་མ་རྐང་མཉམ་ལས་ཁང་བཙུགས་པ་དང་། འཕྲིན་ལས་དབྱངས་སྐྱིད་སླར་ཡང་གྲོང་མི་ནས་སྡེ་ཁུལ་གྱི་མ་རྐང་མཉམ་ལས་ཁང་གི་རྐང་འཛིན་པར་གྱུར་ནས་སྡེ་ཁུལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ལས་དོན་ལ་ཧུར་ཐག་ཞུགས་པ་རེད།
2022ལོར་མཉམ་ལས་ཁང་གི་ལོའི་ཡོང་འབབ་སྒོར་ཁྲི་3800ཟིན་ནས་བྱ་ས་སྡེ་ཁུལ་དང་སྐར་མ་ཆེ་སྡེ་ཁུལ་གྱི་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་809བགོས་པ་རེད། འཕྲིན་ལས་དབྱངས་སྐྱིད་ཀྱི་བཟའ་ཟླས་མཉམ་ལས་ཁང་གི་རླངས་འཁོར་རུ་ཁག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་དང་གླ་ཆ་སྒོར་ཁྲི་ཁ་ཤས་རག་པ་མ་ཟད། མ་རྐང་རེ་རེར་ཐོབ་ཆ་སྒོར་1500ལྟར་ཁོ་ཚོའི་ཁྱིམ་ལ་སྒོར་ཁྲི་1.35རག་པ་རེད།
ཡོང་འབབ་ལ་འགན་སྲུང་ཡོད་པ་དང་སྡེ་ཁུལ་གྱི་དམངས་ཕན་སྲིད་ཇུས་ཀྱང་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རིམ་གྱིས་མཐོ་རུ་ཕྱིན་ཡོད།
“རྒྱུན་གཏན་གྱི་འཚོ་བར་མཁོ་བའི་ཚྭ་དང་། འབྲས། སྣུམ་བཅས་ཚང་མ་མཉམ་ལས་ཁང་ནས་སྤྲོད་པ་དང་། མི་སྒེར་གྱི་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་ཡང་སྡེ་ཁུལ་ནས་གཅིག་གྱུར་འཇལ་གྱི་ཡོད་པས། ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་འཕྲིན་ལས་དབྱངས་སྐྱིད་ཀྱིས་བཤད།
བྱ་ས་སྡེ་ཁུལ་གྱི་མ་རྐང་མཉམ་ལས་ཁང་ལ་ཁེ་སྤོགས་རག་ཚུན་ཐོབ་ཆ་བགོ་བ་ཕུད་ལོ་ལྟར་ད་དུང་ལོ་གསར་གོང་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་བྱ་ས་སྡེ་ཁུལ་དང་སྐར་མ་ཆེ་སྡེ་ཁུལ་གྱི་མང་ཚོགས་ལ་འཚམས་འདྲིའི་ལག་རྟགས་སྐྱེལ་གྱི་ཡོད་ཅིང་། ལོ་60ཡན་གྱི་རྒན་རྒོན་དང་། དཀའ་ངལ་ཡོད་པའི་མང་ཚོགས། རྒན་ཡོན་ཞུས་པའི་ལས་བྱེད་པ་རྒན་གྲས་སོགས་ཀྱི་དམིགས་བསལ་ཚོགས་སྤྱིར་འཚམས་འདྲིའི་དངུལ་སྤྲོད་པ་མ་ཟད། སྡེ་ཁུལ་གཉིས་ཀྱི་མང་ཚོགས་ཡོངས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་སོགས་འཇལ་གྱི་ཡོད།
པ་སངས་ཀྱིས་གོམ་སྟབས་རྗེས་མར་མཉམ་ལས་ཁང་གིས་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་བཏང་ནས་གསོལ་མགྲོན་ཁང་དང་སྨན་བཅོས་སོགས་ལས་རྣམ་གསར་པ་བཏོད་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྔར་བས་རོགས་རམ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད་པ་རེད།