རང་ལྗོངས་ཀྱིས་མཛུབ་ཁྲིད་བསམ་འཆར་བཏོན་ནས།
གྲོང་གསེབ་ས་ཆའི་གཉེར་སྐྱོང་དབང་ཆའི་ནང་བཤུག་དོ་དམ་ཚད་ལྡན་དུ་བཏང་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《གྲོང་གསེབ་ས་ཆའི་གཉེར་སྐྱོང་དབང་ཆ་ནང་བཤུག་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དང་། 《མཛུབ་ཁྲིད་བསམ་འཆར》ལ་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ས་ཆ་འགན་གཙང་དང་དོ་དམ་ལ་ལམ་ལུགས་ཀྱི་འགན་ལེན་གསར་པ་བྱེད་དགོས་ཞེས་བསྟན་ཡོད།
《མཛུབ་ཁྲིད་བསམ་འཆར》དུ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ལྟེ་བར་བྱས་པ་དང་། ཞིང་འབྲོག་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་པ། ཞིང་འབྲོག་ལས་ལ་ཐོན་འཕར་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བྱས་ཡོད། བསམ་འཆར་དེ་སྤྱིའི་བླང་བྱ་དང་། གྲོང་གསེབ་ཀྱི་ས་ཆའི་གཉེར་སྐྱོང་དབང་ཆའི་ནང་བཤུག་དོ་དམ་ཚད་ལྡན་དུ་གཏོང་བ། ས་ཆའི་ནང་བཤུག་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཆ་ཤས་ལ་དབྱེ་ཡོད། ས་ཆའི་གཉེར་སྐྱོང་དབང་ཆ་ནང་བཤུག་ཚད་ལྡན་དང་ཕྱོགས་གཉིས་ཀའི་སྟོབས་ཤུགས་འདོན་པར་སྐུལ་ལྕག་བྱེད་པའི་བླང་བྱར་དམ་པོར་དམིགས་ཏེ། ནང་བཤུག་ལྟ་འདོམས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ནང་བཤུག་རིན་གོང་གི་སྣེ་ཁྲིད་ཡོང་བསྒྲགས་ལམ་སྲོལ་འཛུགས་པ། ནང་བཤུག་ལྕག་སྐུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཚོ(ཚོགས་ཆུང)ཧྲིལ་པོའི་ནང་བཤུག་ཉེན་ཁའི་འགོག་ཟོན་ལམ་སྲོལ་འཛུགས་པ། རྩོད་གཞི་བར་འདུམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་ཁག་ལྔ་བཏོན་ཡོད།
《མཛུབ་ཁྲིད་བསམ་འཆར》བཏོན་པ་དེས་རང་ལྗོངས་ཀྱི་གྲོང་གསེབ་ས་ཆའི་གཉེར་སྐྱོང་དབང་ཆའི་ནང་བཤུག་ཞབས་ཞུའི་དོ་དམ་ལ་སྔར་བས་ཤུགས་སྣོན་དང་། གྲོང་གསེབ་ས་ཆའི་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་ནང་བཤུག་ཡོང་བར་ཁྲིད་སྟོན། ཞིང་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་སྣ་ཚོགས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་གང་མགྱོགས་གྱུར་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད།