སྤོ་བོ་རྫོང་བག་ཆུང་གྲོང་ཚོའི་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་མཉམ་ལས་ཁང་གིས།
ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་མང་ཚོགས་འབབ་འཕར་ལས་གཏོད་ཡོང་བར་སྐུལ་འདེད་བཏང་བ།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོ་ནི་ཕ་གཤོང་གཙང་པོའི་འགྲམ་དུ་ཆགས་པ་དང་ཕྱོགས་བཞི་རི་བོས་བསྐོར་ཡོད། བག་ཆུང་གྲོང་ཚོར་རྒྱང་ལྟ་བྱེད་སྐབས། ཞི་བདེ་ལྷིང་འཇགས་ཀྱི་གྲོང་ཚོའི་རྣམ་པ་དང་རྒྱང་རིང་གི་ནས་ཞིང་གསེབ་ནས་དྲོད་ཁང་ཆེན་པོ་མང་པོ་མིག་ལམ་དུ་གསལ་ལེར་མངོན་བཞིན་འདུག “དེ་ནི་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོའི་དགའ་ལུང་རོང་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་གསར་དུ་བསྐྲུན་པའི་དྲོད་ཁང་ཆེན་པོ་ཡིན་པ་དང་། དེའི་ནང་སྡོང་ཕུང་དང་། ཀོ་ཤ རླམ་རྩྭ་ཕོ་སུལ་སོགས་བཏབ་ཡོད། གཟིགས་དང་། འདི་ལོའི་རླམ་རྩྭ་ཕོ་སུལ་སྐྱེ་འཚར་ཡག་པོ་འདུག ཐེངས་གཉིས་བཏུས་ཟིན་ཡང་། ད་དུང་རླམ་རྩྭ་ཕོ་སུལ་ཆུང་ཆུང་ཁ་ཤས་སྐྱེ་བཞིན་འདུག”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་ནོར་བུའི་སྣེ་ཁྲིད་འོག་གསར་འགོད་པས་དྲོད་ཁང་ཆེན་པོའི་རྟེན་གཞིར་ལྟ་སྐོར་བྱས་པ་ཡིན།
ས་ཁྱོན་མུའུ་30ལྷག་ཙམ་ཟིན་པའི་དྲོད་ཁང་ཆེན་པོའི་ནང་། གསར་སྐྱེས་རླམ་རྩྭ་ཕོ་སུལ་སྐྱེ་འཚར་བཟང་བ་མ་ཟད། རླམ་རྩྭ་ཕོ་སུལ་གྱི་སྒྲོམ་ངོས་སུ་ཆེད་མངགས་རླམ་རྩྭ་ཕོ་སུལ་ལ་འཚོ་བཅུད་སྣོན་པའི“འཚོ་བཅུད་ཁུག་མ”རེ་བཞག་ཡོད་པ་གསར་འགོད་པས་མཐོང་བྱུང་། “རླམ་རྩྭ་ཕོ་སུལ་སྐྱེས་སར་ད་དུང་རླམ་རྩྭ་ཕོ་སུལ་གྱི་སོན་ཁུག་མང་པོ་སྦས་ཡོད”ཅེས་སྐལ་བཟང་ནོར་བུས་བརྗོད་པ་དང་། ཁོང་གིས་རླམ་རྩྭ་ཕོ་སུལ་གྱི་ཁུག་མའི་ནང་བཅུག་པ་ནི་རི་སྐྱེས་རླམ་རྩྭ་ཕོ་སུལ་གྱི་སོན་རེད་ཅེས་ངོ་སྤྲོད་བྱས།
རླམ་རྩྭ་ཕོ་སུལ་གྱི་སྐྱེ་འཚར་ཁོར་ཡུག་གཏོད་ཆེད། མཉམ་ལས་ཁང་གིས་ཆེད་མངགས་དྲོད་ཁང་ལ་ཉི་གཡབ་བཟོས་ཡོད། “སྔོན་དཔག་བྱས་ན་མུའུ་རེ་ནས་ཐོན་ཚད་རྒྱ་མ་200དང་རིན་ཐང་སྒོར་ཁྲི་6ཙམ་ཟིན་རྒྱུ་དང་། རི་སྐྱེས་འདེབས་འཛུགས་འདྲ་བཟོའི་ལག་རྩལ་གྱིས་སྔར་ཡོད་ཀྱི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་བྱ་ཐབས་ལས་ཚད་བརྒལ་ཐུབ་ནས། འདེབས་འཛུགས་ལག་རྩལ་ཐད་ལའང་ཚད་བརྒལ་གསར་པ་བྱུང་སྟེ་མང་ཚོགས་དུད་ཚང་12ཀྱི་མི་30ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད། སྔོན་དཔག་བྱས་ན་སང་ལོར་འདེབས་འཛུགས་གཞི་ཁྱོན་མུའུ་100ཟིན་རྒྱུ་རེད”ཅེས་འདི་ལོའི་རླམ་རྩྭ་ཕོ་སུལ་གྱི་ཡོང་འབབ་སྐོར་གླེང་སྐབས་སྐལ་བཟང་ནོར་བུ་སྤྲོ་སྣང་གིས་ཁེངས་འདུག
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས། མཉམ་ལས་ཁང་དེས་ཐོན་ལས་དབུལ་སྐྱོར་དང་། ལག་རྩལ་དབུལ་སྐྱོར། ཤེས་ལྡན་པའི་དབུལ་སྐྱོར་སོགས་ལ་ཧུར་ཐག་ཞུགས་ནས། རིམ་རྩིས་བྱས་ན་སྔ་རྗེས་སུ་ལག་ཡོད་མ་དངུལ་སྒོར་ཁྲི་77.5བཏང་ནས་ཧྲེ་ཡོན་གྱི་ལས་གཏོད་འབབ་འཕར་ལ་རོགས་རམ་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8ལ་ལོ་རེར་འབབ་འཕར་སྒོར་ཁྲི་4.8ཡོང་བར་སྐུལ་ཁྲིད་བྱས་ཡོད། ལོ་ལྟར་དུས་ཚིགས་རང་བཞིན་གྱི་ལས་མི་མི་ཐེངས་1800ལྷག་ཙམ་བསྡུས་པར་ངལ་རྩོལ་གླ་ཆ་སྒོར་ཁྲི་32.4སྤྲད་དེ་ས་གནས་དེ་གའི་ཞིང་འབྲོག་པ་ཐག་ཉེ་ས་དང་སྟབས་བདེ་སར་འབབ་འཕར་ལས་གཏོད་ཐུབ་པར་བྱས་ཡོད།
“མཉམ་ལས་ཁང་བཙུགས་ཚུན། ཧྲེ་ཡོན་ཚོའི་ཡོང་འབབ་རིམ་བཞིན་མང་དུ་སོང་བ་མ་ཟད། ད་དུང་ཉེ་འཁོར་གྱི་མང་ཚོགས་མང་པོ་ཞིག་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད”ཅེས་སྐལ་བཟང་ནོར་བུས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ང་ཚོའི་གོམ་སྟབས་རྗེས་མའི་དམིགས་ཚད་ནི་ཞིང་དུད་དེ་བས་མང་བ་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ནང་ཞུགས་སུ་བཅུག་ནས། ས་གནས་དེ་གའི་ནགས་ཁྲོད་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་བརྗོད།