གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
འདི་ལོ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “བྱེད་ཕོད་པ་བཞིའི”བླང་བྱ་ལག་བསྟར་ཤུགས་ཆེན་བྱེད་པ། སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་ལས་ཐོན་འབབ་བརྟན་པོའི་ངང་འཕར་བ་དང་། ཞིང་པར་ཡོང་འབབ་བརྟན་པོ། གྲོང་གསེབ་བརྟན་ལྷིང་བདེ་འཁོད་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཏན་ཏིག་བཏང་ཡོད།
ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཀའི་དོན་དངོས་ལ་གཞིགས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། 《གཞིས་རྩེ་གྲོང་ཁྱེར་གྱི་2023ལོའི་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་མང་དུ་གཏོང་བའི་ལས་དོན་གྱི་ཇུས་གཞི》དང《གཞིས་རྩེ་གྲོང་ཁྱེར་གྱི་2023ལོའི་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་ཇུས་གཞི》བཟོས་པ་དང་། 《གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལག་བསྟར་ཇུས་གཞི》དང《གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་ཤང་གྲོང་བྱ་སྤྱོད་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་གྱི་བྱ་ཐབས་འགའ》བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་ཇུས་སྦྲེལ་མཐུད་ཕྱོགས་ཡོངས་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སྒོར་6500(ཚུད་པ)མན་ནས་སྒོར་7000(ཚུད་པ)མན་མང་དུ་བཏང་བ་དང་། རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་དང་། འཕེལ་རྒྱས་མྱུར་གཏོང་། དུས་ཐོག་ཏུ་བརྡ་ལན་སྤྲོད་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས། རིམ་རྩིས་བྱས་ན་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་ཡོད་པའི་དུད་ཚང་2868ཀྱི་མང་ཚོགས་10546ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་བཅུག་པ་དང་། ཐོན་ལས་ལས་ཞུགས་ཀྱི་རོགས་སྐྱོར་དང་། ཕྱོགས་བསྡུས་འགན་སྲུང་རང་བཞིན་གྱི་རོགས་སྐྱོར། གཉེར་སྐྱོང་བྱེད་པོས་བསྡུ་ལེན་སྐུལ་ཁྲིད། དབུལ་ལོག་འགོག་པའི་འགན་བཅོལ། ཆེད་སྤྱོད་མ་དངུལ(ཐེབས་རྩ)གྱི་རོགས་སྐྱོབ་སོགས་ཀྱི་བྱ་ཐབས་སྟབས་བསྟུན་སྤྱད་དེ། “དུད་ཚང་རེར་སྲིད་ཇུས་རེའི”རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་སྟོད་དུ་དུད་ཚང་350ཡི་མང་ཚོགས་1542ཀྱི་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་སེལ་བ་དང་། རིམ་རྩིས་བྱས་ན་དུད་ཚང་1716གི་མང་ཚོགས་6694ཡི་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་བསལ་ཡོད། གནས་སྐབས་ཉེན་ཁུངས་ནས་གྲོལ་མེད་པའི་ལྟ་ཞིབ་ཚད་ལེན་དུད་ཚང་ལ་གནད་སྨིན་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། དབུལ་ལོག་འགྱུར་ལམ་མཐའ་གཅིག་ཏུ་བཀག་པ་དང་དབུལ་འགྱུར་གྱི་རྩ་བ་རྦད་དེ་བཅད་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བའི་མཐའ་ཚད་བརྟན་པོར་བསྲུངས་ཡོད།
ཐོན་ལས་དང་ལས་ཞུགས་ཀྱི“འགག་རྩ་གཉིས”མངོན་གསལ་དོད་པོ་ཡོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་གནད་སྨིན་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་ཐོན་ལས་སྐུལ་ཁྲིད་ལ་བརྟེན་པ། ཚོང་གཉེར་བྱེད་པོས་བསྡུ་ལེན་ལ་དམ་འཛིན་བྱེད་པ་སོགས་འབབ་འཕར་བྱེད་ཐབས་ཁག་བཅུར་སྐུལ་འདེད་ཏན་ཏིག་བཏང་བ་རེད། འདི་ལོ་སླར་ཡང་མ་དངུལ་སྒོར་དུང་ཕྱུར་9.03བཏང་ནས་ཐོན་ལས་119ལ་རོགས་སྐྱོར་བྱས་པ་དང་རོགས་སྐྱོར་ཐོན་རྫས་བྲིན་ཚད་སྒོར་དུང་ཕྱུར་0.27ཟིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་རྫོང་རིམ་པའི་ལས་བྱེད་པས་རྫོང་འགན་གཙང་ལེན་པའི་ལམ་ལུགས་དང་། རྣམ་གྲངས་ཀྱི་འཕེལ་རིམ་ལ་གཟའ་འཁོར་རེར་བརྟག་དཔྱད་བྱེད་པའི་ལམ་ལུགས། རྣམ་གྲངས་རེ་རེ་བཞིན་དབྱེ་ཞིབ་བྱེད་པའི་ལམ་ལུགས། རྣམ་གྲངས་ཀྱི་ལས་ཡུལ་དུ་སྐྱོད་པའི་ལམ་ལུགས་བཅས“ལམ་སྲོལ་ཁག་བཞི”ལག་བསྟར་དོན་འཁྱོལ་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་རྣམ་གྲངས་ཀྱི་མཐུན་སྦྱོར་ཞབས་ཞུའི་ལས་དོན་སྤེལ་བ་དང་དུས་བཀག་ལྟར་རྗེས་འདེད་དང་། བཀོད་གཏོང་ལ་ཤུགས་སྣོན། རང་འགུལ་ངང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་དང་ཆུས་བཅས་རིམ་བཞིའི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་20.6སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་ཚོ། མི་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལག་ལེན་ལ་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་2023ལོར་ལག་ལེན་བསྟར་བའི་སྲ་བརྟན་སྦྲེལ་མཐུད་རྣམ་གྲངས་263ནས་མིག་སྔར་241ལས་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད་91.63%ཟིན་པ་དང་། 2022ལོའི་མཐུད་སྐྲུན་རྣམ་གྲངས་184ནས་རྣམ་གྲངས་99ལེགས་སྒྲུབ་ཟིན་ཡོད། 2023ལོར་གསར་དུ་བསྐྲུན་པའི་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་ཚོ་20ཚང་མ་ལས་འགོ་ཚུགས་པ་དང་སྒོར་དུང་ཕྱུར་2.58བཏང་ནས་མ་དངུལ་གཏོང་ཚད་57%ཟིན་ཡོད། 2022ལོར་ལག་ལེན་བསྟར་བའི་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་ཚོའི་རྣམ་གྲངས་45ནས་རྣམ་གྲངས་9ལེགས་སྒྲུབ་ཟིན་པ་དང་རྣམ་གྲངས་36ལས་འགོ་བསྐྱར་ཚུགས་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་8.95བཏང་ནས་མ་དངུལ་གཏོང་ཚད་75.9%ཟིན་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་མི་ཐེངས་ཁྲི་17ལྷག་ཙམ་སྒྲིག་འཛུགས་བྱས་ནས་གྲོང་ཚོར་གཙང་སྦྲ་ཐེངས་9500ལྷག་ཙམ་བྱས་པ་དང་། གད་སྙིགས་ཏུན་4700ལྷག་ཙམ་གཙང་སེལ་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་སྔར་བས་མཛེས་སུ་བཏང་ཡོད། “མི་ཕྱུགས་ལོགས་དབྱེའི”ལས་གྲྭར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འཚོ་སྡོད་ཁུལ་དང་གསོ་ཚགས་ཁུལ་རྦད་དེ་ལོགས་སུ་ཕྱེ་ནས་མི་ཕྱུགས་ལོགས་དབྱེ་དུད་ཚང་12611ལེགས་སྒྲུབ་བྱས་པ་དང་། ལས་འགན་ལེགས་སྒྲུབ་བྱེད་ཚད་51.87%ཟིན་ཡོད།
“གང་འཚམ་དེ་སྤྱོད”མཐའ་འཁྱོངས་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱིས་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱིམ་དུད་ཀྱི་གསང་སྤྱོད་སྒྱུར་བཀོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དམངས་འཚོའི་ཞན་ཆ་གང་མགྱོགས་གསབ་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་བཅས་བྱས་ཡོད། ད་བར་ཁྱིམ་དུད་8230སྒྱུར་བཀོད་བྱས་ནས་ལས་འགན་ལེགས་སྒྲུབ་བྱེད་ཚད་68.14%ཟིན་ཡོད།
“ཤེས་དཔལ་སྲོལ་གསར་གཏོད་པ་དང་། ལུགས་རྙིང་སྲོལ་ངན་དོར་བ། གྲོང་སྲོལ་དམངས་ཆིངས་བཟོ་བ། ཕུལ་བྱུང་རིག་གནས་དར་སྤེལ། གྲོང་ཚོའི་རྣམ་པ་ལེགས་གཏོང”བཅས་ཀྱི་གཙོ་གནད་ལས་འགན་ལྔ་ལ་དམིགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས“སྐར་གསོག་ལམ་ལུགས”དང་། “རྩིས་ཐོའི་ལམ་ལུགས”“ཐོ་གཞུང་དམར་ནག”བཅས་ཁྱབ་གདལ་བེད་སྤྱོད་བྱས་ནས་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་རིམ་པ་དེ་བས་ཟབ་པ་དང་། ཁྱབ་ཁོངས་དེ་བས་ཡངས་བ། ནུས་ཕྱོད་དེ་བས་ཆེ་བ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ཡོད། ཚོད་ལྟའི་གྲོང་ཚོ་397ལ“གསོག་སྐར་ལམ་ལུགས”ཁྱབ་གདལ་བེད་སྤྱོད་བཏང་བ་དང་། ཚོད་ལྟའི་གྲོང་ཚོ་321ལ“རྩིས་ཐོའི་ལམ་ལུགས”ཁྱབ་གདལ་བེད་སྤྱོད་བཏང་བ། ཚོད་ལྟའི་གྲོང་ཚོ་307ལ“ཐོ་གཞུང་དམར་ནག”ཁྱབ་གདལ་བེད་སྤྱོད་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱིས་སྐྱོན་བྲལ་དང་ཡ་རབས་ཀྱི་སྲོལ་གསར་སྐྱེད་སྲིང་བྱེད་པར་ཁྲིད་སྟོན་བྱས་ཡོད།