ལག་ཤེས་གསེར་གྱི་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ།
བོད་ཀྱི་གྲོང་གསེབ་ཁག་ཏུ་སྐྱོད་སྐབས། ང་ཚོར་བག་ཆགས་ཟབ་ཤོས་ནི་གྲོང་ཁྱེར་ནས་རྫོང་ངམ། རྫོང་ནས་ཤང་བར་སྣུམ་ནག་གཞུང་ལམ་བཏིང་ཡོད་པ་དང་། ཤང་ནས་གྲོང་ཚོ་ཁག་ཏུ་ཨར་འདམ་གཞུང་ལམ་བཏིང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་དང་། གཞན་ཡང་། གྲོང་གསེབ་ཀྱི་ཁྱིམ་ཚང་ཕལ་ཆེ་བའི་སྒོ་འགྲམ་དུ་རླངས་འཁོར་བཞག་ཡོད་པ་དེ་རེད། འབྲེལ་ཡོད་གྲངས་གཞི་ལྟར་ན། བོད་ཀྱི་ཤང་དང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་100%དང་99.96%ཟིན་པ་དང་། གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་12ཟིན་ཡོད་ཅིང་། འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དེས། བོད་ཀྱི་དཔལ་འབྱོར་དང་། སློབ་གསོ། སྨན་བཅོས། ཡུལ་སྐོར་བྱ་གཞག་སོགས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད། ད་ལྟ་བོད་ཀྱི་གྲོང་གསེབ་ཏུ་སྐྱོད་སྐབས། རྒྱ་ཆེ་ལ་དཀར་ཆ་དོད་པའི་མང་ཚོགས་ཀྱི་སྡོད་ཁང་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གྲལ་སྟར་འགྲིག་ནས་ཡོད་ཅིང་། གློག་དང་། ཆུ་ཀ་ལ། རླུང་བརྙན་འཕྲིན་སྲུང་སྐར། དྲ་བ་དང་ཁ་པར་བརྡ་རྟགས་སོགས་གང་སར་ཁྱབ་པ། ལམ་སྒྲོན་དང་། ལུས་སྦྱོང་ཡོ་ཆས་སོགས་ཀྱི་སྒྲིག་བཀོད་ཁག་ཀྱང་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་བ་དང་། ཡ་རབས་ཤེས་དཔལ་དར་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོད་པ། འདུ་ཤེས་རྙིང་པ་དང་གོམས་གཤིས་ངན་པ་དོར་ནས་ཡ་རབས་སྲོལ་བཟང་དར་སྤེལ་གཏོང་བར་འབད་བཞིན་ཡོད་པས། གང་ས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་བཞིན་མཆིས།
ཨ་ཅག་བུ་ཁྲིད་ནི་རིན་སྤུངས་རྫོང་རིན་སྤུངས་ཤང་ཞིང་ཤག་གྲོང་ཚོའི་ཡུལ་མི་ཞིག་ཡིན་ཞིང་། ཁྱིམ་དུ་ཁྱོན་ནང་མི་4ཡོད། འོན་ཀྱང་ངལ་ནུས་མི་གྲངས་2ལས་མེད་པའི་ཁར་ཁོང་ཁྱོ་ཤུག་གི་རིག་གནས་ཆུ་ཚད་དམའ་བ་དང་། རང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་འདང་བའི་དབང་གིས། འཚོ་བའི་གང་ཅིར་དཀའ་ངལ་ཆེན་པོ་འཕྲད། 2016ལོར་སྲིད་གཞུང་གིས་ཁོང་གི་ཁྱིམ་ཚང་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག
རིག་གནས་དང་རྩལ་ནུས་མེད་པ་ནི་ཁོང་ཁྱོ་ཤུག་གི་དབུལ་སྒྲོལ་ལམ་བུའི་བཀག་རྡོ་ལྟ་བུར་གྱུར། ནམ་རྒྱུན་ཞིང་འབྲོག་ལས་གཉེར་བ་ཕུད། སྐབས་འགར་ཉེ་འཁོར་དུ་གླ་པ་རྒྱུག་པར་འགྲོ་བཞིན་ཡོད་པས་ཡོང་འབབ་བརྟན་པོ་མེད། རྫོང་དབུལ་སྐྱོར་ལས་བྱེད་པའི་རོགས་རམ་ལས། བུ་ཁྲིད་ཀྱིས་བོད་ཆས་བཟོ་གྲྭ་ཞིག་ཏུ་ལག་རྩལ་སྦྱོང་བར་ཕྱིན་པ་དང་། ཟླ་བ་གསུམ་ཙམ་གྱི་འབད་བརྩོན་བརྒྱུད་བུ་ཁྲིད་ཀྱི་བོད་ཆས་བཟོ་བའི་ལག་རྩལ་ཁོང་དུ་ཆུད་དེ། ཤང་དུ་ཡོད་པའི་གྱོན་ཆས་བཟོ་གྲྭ་ཞིག་ཏུ་ལས་ཞུགས་ཐུབ། ཁོང་གི་ལག་རྩལ་རིམ་བཞིན་བྱང་ཆུབ་པར་བརྟེན། བཟོ་གྲྭའི་འགོ་ཁྲིད་ཀྱི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་པར་མ་ཟད། འཚོ་བའི་ཆ་རྐྱེན་ཡང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པས། དེ་སྔ་རང་བྱུང་གནོད་འཚེའི་དབང་གིས་སེར་གས་ཁེངས་པའི་ཁང་རྙིང་དེ་བཤིག་སྟེ་སྡོད་ཁང་གསར་པ་བསྐྲུན་ཞིང་། 2018ལོར་སྡོད་ཁང་གསར་པར་དངོས་སུ་སྤོ་ཐུབ་པ་བྱུང་ཡོད།
མིག་སྔར་གྲོང་ཚོར་དབུལ་སྐྱོར་མཉམ་ལས་ཁང་བཙུགས་ཡོད་པས། བུ་ཁྲིད་ཚང་ལ་དཔལ་འབྱོར་གྱི་ཡོང་ཁུངས་གསར་པ་ཞིག་བྱུང་བ་དང་། བུ་ཁྲིད་རང་ཉིད་ལ་ནགས་སྲུང་བའི་ལས་ཀ་དང་བཟའ་ཟླར་གཙང་སྦྲ་བྱེད་མཁན་གྱི་གད་པའི་ལས་ཀ་ཞིག་རག་པས། ད་ལྟ་ཁོང་ཁྱིམ་ཚང་གི་སྤྱིའི་ཡོང་འབབ་དེ་2016ལོའི་སྒོར་27302ནས་ད་ལྟའི་སྒོར་58257བར་འཕར་བ་མ་ཟད། ཁྱིམ་ལ་ད་དུང་སྒེར་གྱི་འཇིབ་ཆུང་དང་། སྦག་སྦག་སོགས་ཀྱང་ཡོད། ད་ལྟ་ཁོང་གི་ཁྱིམ་ཚང་སྔ་མོ་ནས་དབུལ་སྒྲོལ་ཐུབ་སྟེ་ནང་མི་རྣམས་ཟས་གོས་ལ་སེམས་ཁྲལ་མེད་པ་དང་། སྡོད་ཁང་དང་། སྨན་བཅོས། སློབ་གསོ་བཅས་ལ་འགན་སྲུང་ཡོད་པའི་འབྱོར་འབྲིང་གི་འཚོ་བར་རོལ་བཞིན་ཡོད།
བུ་ཁྲིད་ཀྱི་ཁྱིམ་ཚང་ནི་དེང་གི་བོད་ཀྱི་གྲོང་གསེབ་ཀྱི་འཕེལ་རྒྱས་མཚོན་པའི་བསྡུས་རིས་ཤིག་རེད། 2018ལོར་བུ་ཁྲིད་དང་འདྲ་བའི་ཡིག་ཚགས་དང་གཱ་བཟོས་པའི་རིན་སྤུངས་རྫོང་གི་དུད་ཚང་དབུལ་པོ་2332ཡི་ཡུལ་མི་10227དང་གྲོང་ཚོ་དབུལ་པོ་73ཚང་མ་དབུལ་སྒྲོལ་ཐུབ་སྟེ། 2019ལོའི་ལོ་མཇུག་བར་དུད་ཚང་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་2016ལོའི་སྒོར་3416.92ནས་སྒོར་8190.31བར་འཕར་ཡོད་པ་རེད།