སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་གྱིས། འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད།
—— གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྩེ་གདོང་ཟངས་ཆས་བཟོ་གྲྭར་བཅར་འདྲི་བྱས་པའི་མཐོང་ཐོས།
རྩེ་གདོང་གི་ལྕགས་རིགས་རྡུང་བཟོའི་ལག་རྩལ་ནི་དེང་གི་བོད་ཀྱི་སྐུ་བརྙན་བཞེངས་སྟངས་ཀྱི་སྒྱུ་རྩལ་གྱི་ལུགས་གཙོ་བོའི་གྲས་ཤིག་རེད། སྤྱི་ལོའི་དུས་རབས་19པའི་དུས་དཀྱིལ་དུ། ནེ་པ་ལའི་ལག་ཤེས་པས་ས་སྐྱ་དགོན་དུ་སྐུ་བརྙན་བཞེངས་སྐབས་ཡུལ་དེའི་མི་རྣམས་ལ་སྐུ་བརྙན་བཞེངས་རྩལ་དང་། དེ་བཞིན་ཚད་འཇལ་ཐབས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་བསླབས་པས། མི་རིང་བར་ཡུལ་དེའི་མི་རྣམས་ཀྱི་ལག་རྩལ་ནེ་པ་ལའི་ལག་ཤེས་པ་ལས་ཀྱང་བྱང་ཆུབ་པར་གྱུར་ཏེ། རྩེ་གདོང་སྐུ་བརྙན་བཞེངས་རྩལ་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་ཆབས་ཅིག དགེ་ཕྲུག་དེ་བས་མང་བ་གསོ་སྐྱོང་གིས་རྩེ་གདོང་ཟངས་ཆས་རྡུང་བཟོའི་སྒྱུ་རྩལ་མི་རབས་ནས་མི་རབས་བར་དར་སྤེལ་བཏང་ཡོད། སྔར་ནས་ད་བར། རྩེ་གདོང་གི་བཟོ་བོས་བརྡུངས་པའི་སྐུ་བརྙན་ཚང་མ་ལག་ཤེས་ལ་བརྟེན་ནས་བཞེངས་པ་ཞིག་ཡིན་སྟབས། གནའ་ཉམས་དོད་ལ་སྤུས་ཀ་དག་པས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆེན་པོ་ཡོད།
གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མར་ཤང་རྩེ་གདོང་ཟངས་ཆས་བཟོ་གྲྭར་འབྱོར་སྐབས། བཟོ་པ་ཚོ་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད་པ་སྟེ། ལ་ལས་དཔེ་དབྱིབས་བཟོ་བ་དང་། ལ་ལས་རྐོས་རྒྱག་པ། ལ་ལས་ཚ་ལ་རྒྱག་པ། ལ་ལས་ཕྲ་འདེབས་པ་དང་གསེར་ཆུ་བྱུག་པ་སོགས་བྱེད་བཞིན་འདུག ལེགས་ལྡན་བཟང་པོས། དེ་ནི་ཟླ་བ་གོང་མར་འབྱོར་བའི་མངགས་ཐོ་རེད། ང་ཚོས་ལས་དུས་འཕར་མ་སྤྱད་ནས་བཟོ་ཡི་ཡོད་ཅེས་བརྗོད།
ལེགས་ལྡན་བཟང་པོ་ནི་རྩེ་གདོང་ཟངས་ཆས་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་དྲུག་པ་དང་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་རེད། ལེགས་ལྡན་བཟང་པོའི་སྤོ་བོ་གཙང་པ་རྡོ་རྗེ་ནི་བོད་དུ་སྐད་གྲགས་ཡོད་པའི་ཟངས་རྡུང་ཆེ་མོ་བ་ཞིག་རེད། རྩེ་གདོང་ཟངས་ཆས་རྡུང་བཟོའི་ལག་རྩལ་རྒྱུན་འཛིན་བྱ་ཆེད། ལེགས་ལྡན་བཟང་པོས་ལོ་14ནས་བཟུང་སྤོ་བོའི་གམ་ནས་ཟངས་ཆས་རྡུང་སྟངས་སྦྱངས་ཏེ། ད་བར་ཟངས་རྡུང་གི་ལས་ལ་ཞུགས་ནས་ལོ་30ལྷག་ཙམ་ཕྱིན་ཡོད། ཁོང་གིས། དང་ཐོག་ང་དང་མཉམ་དུ་དགེ་རྒན་བསྟེན་པར་ཡོང་མཁན་སློབ་མ་བཅུ་ལྷག་ཙམ་ཡོད་མོད། འོན་ཀྱང་ཉིན་གང་པོར་ཟངས་བརྡུངས་ནས་སྡོད་དགོས་པའི་འཚོ་བ་ཉོབ་པོ་དེ་བཟོད་ཐུབ་མཁན་མི་གསུམ་ལས་མེད་པར་གཞན་ཚང་མ་སྦྱོང་མཚམས་བཞག་སོང་ཞེས་བརྗོད།
ལོ་22ལ་སླེབས་སྐབས་ལེགས་ལྡན་བཟང་པོ་དངོས་སུ་ལག་རྩལ་མཐར་ཕྱིན་ནས་ཁོང་གིས་ལས་རོགས་བཅུ་ལྷག་ཙམ་ཁྲིད་དེ་མཚོ་སྔོན་ཡུལ་ཤུལ་དུ་དུས་ཡུན་ཟླ་4ཡི་རིང་མཐོ་ཚད་ལ་སྨི་12ཟིན་པའི་ཟངས་སྐུ་ཞིག་བཞེངས་པ་དང་། དེ་ནི་ཁོ་ཚོས་རང་ཚུགས་ངང་བཞེངས་པའི་བརྩམས་ཆོས་ཐོག་མར་གྱུར།
2003ལོར་ལེགས་ལྡན་བཟང་པོས་ཁྱིམ་ལས་དངོས་སུ་རྒྱུན་འཛིན་བྱས་ནས་རྩེ་གདོང་ཟངས་ཆས་བཟོ་གྲྭ་རྩིས་བླངས། 2004ལོར་ཁོང་གིས་བློ་ཁོག་ཆེན་པོས་སྒྱུར་བཅོས་བྱས་ནས་དགེ་ཕྲུག་བསྡུས་པར་བརྟེན། ཟངས་ཆས་བཟོ་གྲྭའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ལེགས་ལྡན་བཟང་པོས། ལོ་འདི་དག་རིང་ང་ཚོས་བསྡུས་པའི་སློབ་མ་རྣམས་ནི་རྣམ་གླིང་རྫོང་གྲོང་ཉེ་འགྲམ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཡུལ་མི་ཤ་སྟག་རེད། ང་ཚོས་ཁོ་ཚོའི་ཟ་སྡོད་ལ་འགན་ལེན་བྱས་ཏེ་སློབ་མའི་ཕུགས་ཀྱི་སེམས་ཁྲལ་བསལ་བ་དང་། སློབ་མ་ཁག་གཅིག་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད་ཅེས་བརྗོད།
2008ལོར་བོད་ཀྱི་ལྕགས་རིགས་རྡུང་བཟོའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པར་དངོས་སུ་ཚུད་ཡོད། མིག་སྔར་རྩེ་གདོང་གི་སྒྱུ་རྩལ་པས་བཟོས་པའི་བཟོ་རྩལ་ཐོན་རྫས་གཙོ་བོ་སྲོལ་རྒྱུན་གྱི་བོད་བཟོའི་སྤོས་གཞོང་དང་། ཕོར་པ། གྲི སྒྲ་སྙན། སྒམ། སྐུ་བརྙན་སོགས་ཆོས་ལུགས་ཀྱི་མཁོ་ཆས་དང་། ཁྱིམ་ཆས། ཡུལ་སྐོར་དྲན་རྟེན་དངོས་པོ་བཅས་ཡོད་པ་དང་། ཀུང་སིས་ཐོན་སྐྱེད་བྱས་པའི་ཟངས་ཆས་ཐོན་རྫས་དག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་བཞིན་ཡོད་པ་མ་ཟད། ཐ་ན་ཁ་ཤས་ཕྱི་རྒྱལ་དུའང་འཚོང་བཞིན་ཡོད་པར། ལོའི་ཡོང་འབབ་སྒོར་ཁྲི་200ཙམ་ཟིན་གྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལས་བོད་ཀྱི་ལྕགས་རིགས་རྡུང་བཟོའི་ལག་རྩལ་རྒྱུན་འཛིན་ནུས་ལྡན་ཐུབ་པ་མ་ཟད། ད་དུང་འཕེལ་རྒྱས་ཀྱང་གང་ལེགས་བྱུང་ནས་རྩེ་གདོང་ཟངས་ཆས་སྤྱོད་རྒྱ་དེ་བས་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ། ཡུལ་སྐོར་ཐོན་རྫས་མང་པོར་ཡུལ་སྐོར་བས་དགའ་པོ་བྱེད་བཞིན་ཡོད་པས། ལག་ཤེས་བཟོ་རྩལ་པ་དང་ཞིང་འབྲོག་པ་མང་པོའི་འབབ་འཕར་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།