ས་མཐོའི་འབྲས་ཞིང་ལ་ལོ་ལེགས་བྱུང་བ།
བོད་རང་སྐྱོང་ལྗོངས་ཀྱིས་འདེམས་གསོ་བྱས་པའི་ཆུ་འབྲས་མུའུ་རེའི་ཐོན་འབབ་རྒྱ་མ་སྟོང་ཡན་ཟིན་པ།
ཉེ་ཆར། ས་གནས་ས་ཐོག་ནས་ཐོན་འབབ་ལ་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་དཔའ་མདའ་གྲོང་ཚོའི་ཆུ་འབྲས་ཚོད་འདེབས་ཞིང་ཁར་ལོ་ལེགས་བྱུང་བ་དང་། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡིས་འདེམས་གསོ་བྱས་པའི་ཆུ་འབྲས་སྣ་ཁ་གསར་པ“2021LS—68”ཀྱི་མུའུ་རེའི་ཐོན་འབབ་རྒྱ་མ་1112.32ཟིན་པ་དེའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས་རང་བརྟེན་འདེམས་གསོ་བྱས་པའི་ཆུ་འབྲས་སྣ་ཁ་གསར་པ་དང་ས་མཐོའི་ཆུ་འབྲས་འདེབས་འཛུགས་ལག་རྩལ་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད།
རྒྱ་ཚ་རྫོང་གླིང་མདའ་ཤང་དཔའ་མདའ་གྲོང་ཚོའི་ས་བབ་མཐོ་ཚད་སྨི་3177དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་8.8ཟིན་ཡོད། ད་རེས་ས་གནས་ས་ཐོག་ནས་ཐོན་འབབ་ལ་ཚོད་རྩིས་བྱེད་པ་ནི་བོདརང་སྐྱོང་ལྗོངས་དང་། ལྷོ་ཁ་གྲོང་ཁྱེར། རྒྱ་ཚ་རྫོང་བཅས་ཀྱི་འབྲེལ་ཡོད་ཞིང་ལས་ཚན་ཞིབ་ཚན་པའི་མི་སྣ་ལས་གྲུབ་པའི་རིགས་གཅིག་མཁས་ཅན་ཚོགས་པས་ཞིང་ལས་གྲོང་གསེབ་པུའི《རྒྱལ་ཡོངས་ཀྱི་འབྲུ་སྣུམ་གནོད་མེད་དང་སྤུས་ལེགས་ཕན་ཆེ་འཛུགས་གཏོད་ཀྱི་ཐོན་འབབ་ཚོད་རྩིས་ཞིབ་བཤེར་རྩིས་ལེན་བྱེད་ཐབས》གཞིར་བཟུང་ས་གནས་ས་ཐོག་ནས་ཐོན་འབབ་ལ་ཚོད་རྩིས་བྱས་པ་ཞིག་ཡིན་ལ། ཐོན་འབབ་ཚོད་རྩིས་གྲུབ་འབྲས་ལས་མངོན་པར་གཞིགས་ན། ཚོད་ལྟའི་ཞིང་ཁ་དེར་བཏབ་པའི་ཆུ་འབྲས་སྣ་ཁ་གསར་པར་མུའུ་20ཡོད་པ་དང་། དེ་དག་ལས་སྨི་ངོས་གྲུ་100ལ་དངོས་སུ་ཐོན་འབབ་ཚོད་རྩིས་བྱས་པར་ཆུ་འབྲས་སྤྱི་རྒྱ་76.75ཟིན་པ་དེ་མུའུ་རེར་ཕབ་ན་རྒྱ་མ་1112.32ཟིན་ཡོད་པ་རེད། ས་གནས་ས་ཐོག་ཏུ་ཐོན་འབབ་ལ་ཚོད་རྩིས་བྱེད་མཁན་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡིས་འགན་འཁུར་བའི“ཐོན་མཐོ་དང་སྤུས་ལེགས་རྣམ་པའི་ཞིང་ལས་སྐྱེ་དངོས་སྣ་ཁ་གསར་པ་འདེམས་གསོའི”རྣམ་གྲངས་ཀྱིས་འདེམས་གསོ་བྱས་པའི་ཆུ་འབྲས་སྣ་ཁ་གསར་པ་དེ་ས་བབ་མཐོ་ཚད་སྨི་3000ཡན་གྱི་ས་ཁུལ་དུ་ཡང་རྒྱུན་གཏན་ལྟར་སྐྱེས་འཚར་སྨིན་གསུམ་ཐུབ་སྟེ་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་འདིས་བོད་དབུས་ནུབ་ཀྱི་ས་བབ་མཐོ་ཁུལ་གྱི་ཆུ་འབྲས་སྣ་ཁ་འདེམས་གསོ་དང་ཚོད་ལྟ་དཔེ་སྟོན་སོགས་ལ་ལག་རྩལ་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བརྗོད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱིས་ཆུ་འབྲས་སྣ་ཁ་འདེམས་གསོ་ཞིབ་འཇུག་བྱེད་དོན་ནི་ཆུ་འབྲས་འདེབས་ཁུལ་གྱི་ཐོན་འབབ་མང་དུ་དང་སྤུས་ཚད་ལེགས་སུ་བཏང་ནས་ས་མཐོའི་ཆུ་འབྲས་འདེབས་འཛུགས་ཀྱི་བཀག་རྒྱ་ལས་བརྒལ་ཏེ། ས་བབ་མཐོ་ཚད་སྨི་3650མན་གྱི་ཞིང་ཁར་འདེབས་རྒྱུར་འཚམ་པའི་ཆུ་འབྲས་དང་སྐམ་འབྲས་ཀྱི་སྣ་ཁ་འདེམས་གསོ་བྱ་རྒྱུ་དེ་རེད། ཚོད་ལྟའི་རྣམ་གྲངས་དེའི་འགན་འཁུར་བ་དང་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཧྥན་ཁྲུན་ཁུན་གྱིས། ས་ཁོངས་ཅན་གྱི་ཚོད་ལྟ་དཔེ་སྟོན་བྱས་པ་བརྒྱུད། མིག་སྔར་སྤྱིའི་ཆ་ནས་འདེམས་གསོ་བྱས་པའི་ཆུ་འབྲས་སྣ་ཁ་གསར་པ“2021LS—2”དང“2021LS—68”གཉིས་ཀ་དྲོད་དམའ་བ་དང་དྲོད་ཚད་ཧ་ཅང་དམའ་བའི་གནམ་གཤིས་ཆ་རྐྱེན་དང་འཚམ་པ་མ་ཟད། ད་དུང་སྙེ་མ་གཙོ་བོ་ཟིན་ཚད་ཀྱང་91.80%—97.40%བར་ཟིན་གྱི་ཡོད། འབྱུང་འགྱུར་ཐོན་སྐྱེད་ར་སྤྲོད་ཚོད་ལྟ་དང་དཔེ་སྟོན་བྱས་པ་བརྒྱུད། ས་བབ་མཐོ་ཁུལ་དུ་འདེབས་རྒྱུར་འཚམ་པའི་ཆུ་འབྲས་ཀྱི་སྣ་ཁ་སྐྱེད་སྲིང་བྱས་ནས། བོ་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ་དང་། ཞིང་པར་འབབ་འཕར་ཡོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་བ་བཅས་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།