དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ།

    ལོ་འདིར་སླར་ཡང་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་ལྡན་པའི་གྲོང་ཚོ་225སྐྲུན་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-03

    ཉེ་ཆར། རང་སྐྱོང་ལྗོངས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་ལས་དོན་གྱི་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་གྲོང་ཚོའི་དཔེ་སྟོན་སྐྲུན་པར་མུ་མཐུད་སྐུལ་འདེད་བཏང་སྟེ། ལོ་འདིར་སླར་ཡང་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་225སྐྲུན་པ་དང་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་3ནས་5བར་སྐྲུན་པར་གཏན་འཁེལ་ཐུབ་པའི་བརྩོན་ལེན་རྒྱག་དགོས་པ་བཏོན་ཡོད།

    《བྱ་ཐབས》ནང་། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་ལག་བསྟར་ཇུས་གཞིར》སྐུལ་འདེད་བཏང་ནས“ཆུ་བཤལ་གཏོང་བར་འཚམ་པའི་སར་ཆུ་བཤལ་གཏོང་བའི་གསང་སྤྱོད་རྒྱག་པ་དང་སྲོལ་རྒྱུན་གྱི་གསང་སྤྱོད་འཚམ་སར་སྲོལ་རྒྱུན་གྱི་གསང་སྤྱོད་རྒྱག་པའི”རྩ་དོན་མཐའ་འཁྱོངས་ཀྱིས་ལོ་འདིར་ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་ལྡན་པའི་ཁྱིམ་སྤྱོད་གསང་སྤྱོད་ཁྲི་3.9ཡན་ལ་སྒྱུར་བཀོད་དང་རང་ལྗོངས་ཀྱི་ས་བབ་མཐོ་བ་དང་། གནམ་གཤིས་གྲང་བའི་ས་ཁུལ་གྱི་དུད་ཚང་ལ་འཚམ་པའི་གསང་སྤྱོད་སྒྱུར་བཀོད་བྱེད་སྟངས་དང་ཚད་གཞི་འཚོལ་ཞིབ་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་ཀའི་ཇུས་གཞི》དོན་འཁྱོལ། “གཙང་པོ་བཞི་དང་། མཚོ་བཞི། ཆུ་བོ་ལྔ”བཅས་ཉེ་འཁོར་གྱི་འཚོ་བའི་བཙོག་ཆུ་སྔོན་ལ་བཅོས་སྒྲིག “ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”དོན་འཁྱོལ་ནན་པོ་བཅས་བྱས་ཏེ་གཙང་པོ་དང་མཚོ་ཡི“གང་བྱུང་བཞི་གཙང་སེལ”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་གཙང་སེལ་མ་ལག་འཛུགས་པར་སྐུལ་འདེད་མགྱོགས་མྱུར་བཏང་ནས། ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་གཙང་སེལ་མ་ལག་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་94%ཡན་ཟིན་པ་བྱ་རྒྱུ། ཚོད་ལྟའི་རྫོང་3དང་ཚོད་ལྟའི་གྲོང་ཚོ་300རུ་ཞིང་འབྲོག་མང་ཚོགས་ཀྱི་རྣམ་པ་གསར་པའི་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་ཚོད་ལྟའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་སྟེ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་གྱི་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བཏོན་པ་རེད།

    《བྱ་ཐབས》ནང་། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་ཐད་ཀྱི་ཤེས་དཔལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་སྟོན་ཕྱོགས་ཀྱི་བླང་བྱ་ལྟར། བསམ་བློའི་ཁྲིད་སྟོན་དང་། བསམ་པའི་ཉམས་འགྱུར། མིའི་འཚོ་སྡོད་ཁོར་ཡུག གཞི་རིམ་བཅོས་སྐྱོང་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། གྲོང་ཚོ་རིམ་པའི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》ལ་ཞིབ་འཇུག་བྱས་ནས་བཟོས་ཏེ། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་རིགས་སྡེ་ཚན་བཅས་ཀྱི་འགན་འཁྲི་ཁ་གསལ་བཟོས་ནས་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་འགན་འཁྲི་ཚན་པའི་ཁོངས་སུ་འཇུག་དགོས་པ། སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་དཔེ་མཚོན་བྱེད་ཐབས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ནས་གླེང་ཕྱོགས་ཀྱི་ཟིལ་ཤུགས་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།