དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཐོན་ལས་གསེར་གྱི་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ།

    ​རང་ལྗོངས་ཀྱི་འབྲོག་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-03

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ནས་འབྲོག་ལས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད།

    འདི་ལོའི་ཟླ་3པར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་སྣེ་ཁྲིད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་སྟེ། “ནོར་ལུག་འདེམས་གསོ་ལེགས་གཏོང་དང་ཕན་ཆེ་བདེ་ཐང་གསོ་ཚགས་གཅིག་སྡུད་དཔེ་སྟོན”གྱི་པུའུ་ཨུད་དང་ཞིང་ཆེན་མཉམ་འགུལ་རྣམ་གྲངས་འགོ་ཚུགས་ཀྱི་ཚོགས་འདུ་དང་རྣམ་གྲངས་ལག་བསྟར་དང་དོ་དམ་ཇུས་གཞིའི་སྤེལ་རེས་གྲོས་བསྡུར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་རིགས་གཅིག་མཁས་ཅན་གྱིས《བོད་ཀྱི་འབྲི་གཡག་རྒྱུད་བཟང་འདེམས་གསོ་ལེགས་གཏོང་དང་ཕན་ཆེ་བདེ་ཐང་གསོ་ཚགས་གཅིག་སྡུད་དཔེ་སྟོན》དང《བོད་ལུག་རྒྱུད་བཟང་འདེམས་གསོ་དང་ཕན་ཆེ་བདེ་ཐང་གསོ་ཚགས་གཅིག་སྡུད་དཔེ་སྟོན》 《མཐོ་གྲང་ས་ཁུལ་གྱི་གཟན་རྩྭ་གསར་བཟོ་དང་རྩྭ་ཐང་གི་ཐོན་སྐྱེད་སྐྱེ་ཁམས་ཀྱི་བྱེད་ནུས་མཐོར་གཏོང་དང་ཕན་ཆེ་བེད་སྤྱོད》སོགས་ཞིབ་འཇུག་བྱ་གཞི་5ལ་གྲོས་བསྡུར་བྱས་པ་དང་འབྲེལ་རྣམ་གྲངས་དང་ཞིབ་འཇུག་བྱ་གཞིའི་སྙན་ཞུའི་ནང་དོན་ཐད་ལྷག་པའི་གནད་དོན་ལ་དམིགས་སའི་རང་བཞིན་དང་། དགེ་མཚན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་པ་དེས་ལྗོངས་ཡོངས་ཀྱི་འབྲོག་ལས་འཕེལ་རྒྱས་ཡག་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    2023ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཕྱུགས་རིགས་ལག་ཡོད་མགོ་གྲངས་ཁྲི་1903.19ཟིན་པ་དེ་དུས་མཚུངས་ལས་3.17%འཕར་བ་དང་། བཤས་གཏོང་ཚད་ཁྲི་55.01ཟིན་པ་དེ་དུས་མཚུངས་ལས་2.9%འཕར་བ། ཤ་དང་། བྱ་སྒོང་། དཀར་ཆུའི་ཐོན་འབོར་ཏུན་ཁྲི་19.32ཟིན་པ་དེ་དུས་མཚུངས་ལས་16.5%འཕར་ཡོད། འབྲོག་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་ནས་ལོ་ཧྲིལ་པོའི་འབྲོག་ལས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    —— དམིགས་ཚད་དང་ལས་འགན་བགོས་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་བ། 2023ལོའི་འབྲོག་ལས་ཐོན་སྐྱེད་ཀྱི་དམིགས་ཚད་ཁག་ལ་སྔོན་ནས་ཞིབ་འཇུག་བྱས་ཏེ། གྲོང་ཁྱེར་དང་ས་ཁུལ་ཁག་གི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ལོ་ཧྲིལ་པོའི་ཤ་དང་དཀར་ཆུའི་ཐོན་འབོར་དང་། སྒོ་ངའི་ཐོན་འབོར། ཕག་པའི་ལག་ཡོད་མགོ་གྲངས། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་གཏོང་། རྒྱུད་བཟང་ཁྱབ་ཚད། མི་ཐབས་རྩྭ་འདེབས་སོགས་གཙོ་གནད་ལས་འགན་གྱི་དམིགས་ཚད་ཁག་བགོས་ཞིབ་ཚགས་བྱེད་པ་དང་། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་ལས་འགན་ཁག་སྔ་ཙམ་བགོ་བ་དང་སྔ་ཙམ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    —— མ་དངུལ་དུས་ཐོག་ཏུ་སྤྲད་ནས་རྣམ་གྲངས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་བ། 2023ལོའི་འབྲོག་ལས་རྣམ་གྲངས(ཁ་གསབ་ཚུད)ཀྱི་མ་དངུལ་སྒོར་ཁྲི་371428སྔ་སྣུར་དུ་སྤྲད་པའི་ནང་རྩྭ་ཐང་གི་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཁྲི་342050དང་། རྒྱུད་བཟང་ར་བ(རྒྱུད་སྤེལ་ར་བ)འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི་2000 ནོར་ལུག་ཕྱིར་ཚོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་7500 ཕྱུགས་རིགས་རྒྱུད་བཟང་གི་ཁ་གསབ་མ་དངུལ་སྒོར་ཁྲི་8000 གཟན་རྩྭའི་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་10214 འབྲུ་རིགས་གཟན་རྩྭར་བསྒྱུར་བའི་མ་དངུལ་སྒོར་ཁྲི་486 ཉ་ལས་རྣམ་གྲངས་དང་ལྟ་འདོམས་ཁྲིམས་སྒྱུར་མ་དངུལ་སྒོར་ཁྲི་1178བཅས་ཚུད་ཡོད་པ་དེས། རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་ཡོང་བར་མ་དངུལ་གྱི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་འབྲོག་ལས་རྣམ་གྲངས་ལ་ཟླ་རེར་བཀོད་གཏོང་ལམ་ལུགས་ལག་ལེན་བསྟར་ནས་གྲོང་ཁྱེར་དང་ས་ཁུལ་ཁག་དང་རྣམ་གྲངས་ཡོད་མཁན་རྫོང་དང་ཆུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱེད་པར་སྐུལ་འདེད་བཏང་ཡོད།

    —— རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱས་པ། 《〈བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གསུམ་པའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི(2021ལོ་ནས་2025ལོ་བར)>ཡི་འབྲེལ་ཡོད་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས་ཕྱུགས་བཀག་ཁ་གསབ་དང་། རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའ་བཅས་མང་དུ་གཏོང་དགོས་ལུགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་དགོངས་སྐོར་ཞུས་ནས་མོས་མཐུན་བྱུང་བ་དང་འབྲེལ་ལྗོངས་ནོར་སྲིད་ཐིང་དང་ནགས་ལས་དང་རྩྭ་ཐང་ཅུས་དང་མཉམ་དུ་ཟླ་6ཚེས་15ཉིན་གྲོང་ཁྱེར་ཁག་ལ་པར་འགྲེམས་ལག་བསྟར་བྱས་ཡོད།

    —— ཕྱིར་ཚོང་གི་སྲིད་ཇུས་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་བ། ཞིང་འབྲོག་མང་ཚོགས་ཀྱི“བཤས་གཏོང་འདོད་མེད་པའི”ལྟ་བར་འགྱུར་ལྡོག་བཏང་ནས། ཁྲོམ་རར་ཤ་མཁོ་སྤྲོད་བྱེད་ཚད་ཕུན་སུམ་ཚོགས་སུ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད། ཕྱུགས་རིགས་བཙོངས་པའི་ཁ་གསབ་སྲིད་ཇུས་ཀྱི་ཧེ་བག་ཅན་གྱི་ཁ་གསབ་ཚད་གཞི་མཐོ་རུ་དང་ཁ་གསབ་ཀྱི་གོ་རིམ་སྟབས་བདེ་རུ་བཏང་བ་དང་འབྲེལ། 《བོད་རང་སྐྱོང་ལྗོངས་ཀྱི་ཕྱུགས་རིགས་བཙོངས་པའི་ཁ་གསབ་མ་དངུལ་སྤྲོད་པའི་ལག་བསྟར་ཇུས་གཞིའི་འབྲེལ་ཡོད་སྲིད་ཇུས་དང་ཚད་གཞི་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་དགོངས་སྐོར་ཞུས་ནས་མོས་མཐུན་བྱུང་བ་དང་ནོར་སྲིད་ཐིང་དང་མཉམ་དུ་ཟླ་7ཚེས་26ཉིན་གྲོང་ཁྱེར་ཁག་ལ་པར་འགྲེམས་ལག་བསྟར་བྱས་ཡོད།

    གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་འབྲོག་ལས་འཕེལ་རྒྱས་གཏོང་བར་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། ཚན་རྩལ་གྱི་འདེགས་སྐྱོར་དང་ཁྲིད་སྟོན་ནུས་པ་གང་ལེགས་འདོན་པ། ཚན་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། འབྲོག་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།