ཁྱིམ་གྱི་སྒོ་རྩ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་པ།
—— སྙེ་མོ་རྫོང་མཁར་རུ་ཤང་ལྕགས་ནགས་རི་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་སྐོར་བཀོད་པ།
འདི་ལོའི་ཟླ་གཉིས་པར་ཞིང་ལས་དང་གྲོང་གསེབ་པུས་ཞིང་ལས་གཉེར་སྐྱོང་བྱེད་པོའི་དཔེ་མཚོན་ཁག་བཞི་པ་ཁྱབ་བསྒྲགས་བྱས་ཤིང་། རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉིས་ཚུད་ཡོད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་ལྕགས་ནགས་རི་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང“སྤྱི་ཚོགས་དང་ཁེ་ལས་མཉམ་ལས་དམ་ཟབ་བྱེད་པའི”དཔེ་མཚོན་ནང་ཚུད་ཡོད།
མཁར་རུ་ཤང་གི་ས་ཁྱོན་སྤྱི་ལེ་ངོས་གྲུ་875.35ཟིན་ཡང་རྨོ་ཞིང་རྒྱ་ཁྱོན་མུའུ་891.68ལས་མེད་པས། མི་རེར་ཆ་སྙོམས་རྨོ་ཞིང་མུའུ་0.65ཡང་ཟིན་གྱི་མེད། 2016ལོའི་གོང་ཞིང་འབྲོག་པ་མང་ཆེ་བས་ནས་བཏབ་པ་དང་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། མཁར་རུ་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས། 2017ལོའི་ཟླ་3པར་མཁར་རུ་ཤང་ལྕགས་ནགས་རི་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ས་གནས་དེ་གའི་ཞིང་འབྲོག་པས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱེད་པར་ཁྲིད་སྟོན་བྱས་ཡོད།
“འདིར་ལས་ཀར་མ་ཡོང་གོང་ང་ས་ཆ་གཞན་དུ་གླ་པ་རྒྱུག་གི་ཡོད། ཁྱིམ་དང་བར་ཐག་རིང་བས་དུས་རྒྱུན་ནང་མི་ལ་ལྟ་རྟོག་གང་ཡང་བྱེད་ཐུབ་ཀྱི་མི་འདུག ད་ཆ་ང་ཆུ་ཚན་སྤྲོ་གསེང་ས་ཚིགས་སུ་ལས་ཀ་བྱེད་ཀྱི་ཡོད་པས་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་མཁར་རུ་ཤང་གི་ཆུ་ཚན་སྤྲོ་གསེང་ས་ཚིགས་ཀྱི་ལས་དོན་པ་ཀརྨ་སྒྲོལ་མས་སྒྲོག་ཙེར་ཕྱི་བདར་བཏང་ནས་ཡུལ་སྐོར་བ་སྒུག་བཞིན་དེ་ལྟར་བརྗོད། ཁོང་ལ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སླད་ཕྱིན་གྱི་འཚོ་བ་ལེགས་སུ་འགྲོ་ངེས་པའི་ཡིད་ཆེས་ཀྱིས་ཁེངས་ཡོད།
2018ལོའི་ལོ་མཇུག་ལ་སྙེ་མོ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག མཉམ་ལས་ཁང་དང་སྙེ་མོའི་ཧོ་མེ་ཀུང་སི་དབར་མཉམ་ལས་བྱས་ནས“མཉམ་ལས་ཁང་+སྣེ་འདྲེན་ཀུང་སི་+ཞིང་དུད་ཁོངས་མིའི”རྣམ་པ་སྤྱད་དེ། སྟར་སྡོང་དྲན་འཚོལ་གྱི་མཛེས་ལྗོངས་ཁུལ་དང་ཆུ་ཚན་སྤྲོ་གསེང་ས་ཚིགས་བཙུགས་པ་རེད། ད་ཆ་ཆུ་ཚན་སྤྲོ་གསེང་ས་ཚིགས་ནི་ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཆུ་ཚན་སྤྲོ་གསེང་ས་ཚིགས་གཉེར་སྐྱོང་ཡག་པོ་བྱེད་ཞོར་དུ་ས་གནས་དེ་གས་སྔོན་ཆད་ཀྱི་ནས་ཁོ་ན་བཏབ་པའི་སྲོལ་རྒྱུན་གྱི་ཞིང་ལས་གྲུབ་ཆར་འགྱུར་ལྡོག་བཏང་ནས། ཁམ་བུ་ཆེན་པོ་དང་བོད་བྱ་སོགས་ཁྱད་ལྡན་ཐོན་ལས་ནང་འདྲེན་བྱས་པས་ས་གནས་དེ་གའི་མང་ཚོགས་ཁྱིམ་གྱི་སྒོ་རྩར་འབབ་འཕར་མངོན་འགྱུར་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གསོ་ཚགས་རྟེན་གཞི་གཉེར་སྐྱོང་བྱས་ནས་ལོ་4སོང་རིང་། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོབ་ནས་ཉིན་རེར་སྒོ་ང་4600ལྷག་ཙམ་ཐོན་གྱི་ཡོད། བོད་བྱའི་སྒོ་ང་དང་། བོད་བྱ། སྐྱེ་ལྡན་ལུད་བཅས་བཙོངས་པར་2022ལོར་ཡོང་འབབ་སྒོར་ཁྲི་175.74བྱུང་ཡོད།
གཞན་ཡང་། མཉམ་ལས་ཁང་གིས་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་འོག་2017ལོར་པེ་ཅིང་ཕིང་ཀུའུ་ཡི་ཁམ་བུ་ནང་འདྲེན་བྱས་ཏེ། སྔོན་ཆད་ཀྱི་ནས་ཁོ་ན་བཏབ་པའི་སྲོལ་རྒྱུན་གྱི་ཞིང་ལས་གྲུབ་ཆར་འགྱུར་ལྡོག་བཏང་ནས། མུའུ་60ཟིན་པའི་ཁམ་སྡོང་འདེབས་འཛུགས་རྟེན་གཞི་བསྐྲུན་ཡོད། ལོ་གསུམ་རིང་དོ་དམ་ཞིབ་ཚགས་བྱས་པ་བརྒྱུད། 2020ལོར་ཁམ་སྡོང་ཚང་མར་འབྲས་བུ་བཏགས་པ་དང་2021ལོར་ཕྱིར་ཚོང་གི་ཁེ་སྤོགས་རག་ཡོད། 2022ལོར་ཁམ་སྡོང་འདེབས་འཛུགས་རྟེན་གཞིའི་ཁམ་བུའི་ཐོན་འབབ་ཏུན་8ལྷག་ཙམ་ཟིན་པ་དང་བྲིན་ཚོང་ཡོང་འབབ་སྒོར་ཁྲི་28.9བྱུང་ནས་དུད་ཚང་25ཡི་མི་48བསྡུས་ཏེ་ངལ་ནུས་མི་ཐེངས་875བཏོན་པ་དང་ངལ་ནུས་གླ་ཆ་སྒོར་ཁྲི་10ལྷག་ཙམ་སྤྲད་ཡོད། ས་ཞིང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱ་ཆེད། མཉམ་ལས་ཁང་གིས་ད་དུང་ནགས་ཁྲོད་དུ་ནན་ཀྭ་དང་། ལ་ཕུག་དཀར་པོ། ཐུང་ཧའོ་ཚལ། པོ་ཚལ། བསོད་ནམས་དཔལ་འཛོམས་སོགས་བཏབ་ནས་ས་ཞིང་གི་ཐོན་འབབ་མང་དུ་བཏང་ཡོད།
ཆུ་ཚན་སྤྲོ་གསེང་ས་ཚིགས་དང་། བོད་བྱ་གསོ་ཚགས་ར་བ། ཁམ་སྡོང་འདེབས་འཛུགས་ལྡུམ་རྭ་ཚང་མར་ཁ་རུབ་ཤང་གི་མི་རྣམས་ལས་ལ་བྲེལ་བའི་རྣམ་པ་མཐོང་རྒྱུ་ཡོད། ཤང་དེའི་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་ཁོར་ཡུག་ལས་གྲོང་ཁྱེར་གྱི་མི་མང་པོ་གཅིག་རྗེས་གཉིས་མཐུད་ངང་གྲོང་གསེབ་ཀྱི་འཚོ་བ་མྱོང་རོལ་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།