ཨ་མདོ་རྫོང་གི་ཁྱད་ལྡན་ཐོན་རྫས་ལྷ་སའི་མེ་འཁོར་བབས་ཚུགས་སུ་འགྲེམས་འཚོང་བྱས་པ།
འདི་ནི་ཡུལ་སྐོར་བས་ཆུང་དུ་བཏང་བའི་ཨ་མདོ་རྫོང་གི་ཚར་ཞྭ་འདེམས་ཉོ་བྱེད་བཞིན་པ།
ཟླ་10ཚེས་1ཉིན། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་དང་མཉམ་དུ་སྤེལ་བའི“གྲོང་གསེབ་དར་རྒྱས། ནག་ཆུས་ཡར་བརྩོན”གྱི་གྲུབ་འབྲས་གཞན་སྒྱུར་དང་གྲོང་སྡོད་ལས་དོན་གྱི་གྲུབ་འབྲས་འགྲེམས་ཚོང་བྱེད་སྒོ་ལྷ་སའི་མེ་འཁོར་བབས་ཚུགས་སུ་སྤེལ་འགོ་ཚུགས་པ་རེད། འགྲེམས་ཞུགས་ཐོན་རྫས་ནང་དཀར་ཆུའི་ཐོན་རྫས་དང་། པགས་པ། ཞིང་ལས་ཐོན་རྫས། གཡང་ཊི། ལག་ཤེས་ཐོན་རྫས་བཅས་དང་དེ་བཞིན་ལས་སྣོན་ཞིབ་ཚགས་བྱས་པའི་འབྲོག་ལས་ཐོན་རྫས་སོགས་རིགས་15ཡོད་ཅིང་། འགྲེམས་ཚོང་བྱེད་སྒོ་ཉིན་5སྤེལ་བ་རེད།
འགྲེམས་ཚོང་འགོ་ཚུགས་པའི་ཉིན་དེའི་ཞོགས་པ་སྔ་པོ་ནས་མེ་འཁོར་སྒུག་ཁང་དུ་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་ཅིང་། ཨ་མདོའི་ལྷད་མེད་ཀྱི་ཞིང་འབྲོག་ཐོན་རྫས་ལས་ས་ཕྱོགས་གང་ས་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། མི་རྣམས་ཀྱིས་ཁྲོམ་བཀྱག་ཁག་ཏུ་བསྐྱོད་དེ་བློ་ལ་བབས་པའི་ཐོན་རྫས་ཉོ་བཞིན་ཡོད།
“ད་ཐེངས་ཀྱི་འབྲོག་ལས་ཐོན་རྫས་འགྲེམས་ཚོང་བྱེད་སྒོའི་ཐོག་ང་ཚོས་ཚར་ཞྭ་དང་། གཡང་ཊི། བལ་གྱི་ཁ་དཀྲིས། ཀམ་པ་ལི་སོགས་འཚོང་རྒྱུ་འཁྱེར་ཡོད། ང་ཚོའི་ཚོང་ཟོག་གི་རིན་གོང་ཅུང་ཁེ་བས་སྐད་ཆ་འདྲི་བར་ཡོང་མཁན་ཧ་ཅང་མང་པོ་འདུག ཆུ་ཚོད་གཉིས་ཡང་མ་འགོར་བར་སྒོར་1000ལྷག་ཙམ་རི་བའི་ཚོང་ཟོག་བྲིན་སོང”ཞེས་ཨ་མདོ་རྫོང་མཚོ་ནག་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་མགོན་པོ་རྡོ་རྗེས་དགའ་ཚོར་ཆེན་པོས་བརྗོད་བྱུང་།
ཉེ་བའི་ལོ་ཤས་རིང་། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་ཨ་མདོ་རྫོང་གིས་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་འགྲིམ་འགྲུལ་དྲ་རྒྱའི་སྟེགས་བུ་ཆེན་པོར་བརྟེན་ནས་ཐབས་ཤེས་འཚོལ་བ་དང་བྱ་ཐབས་དངོས་བཏོན་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། ད་དུང་འབྲོག་ཁུལ་ལ་བཀྲག་མདངས་འཚེར་ས་མང་དུ་བཏང་བ་དང་། འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། འབྲོག་པར་འབབ་འཕར་ཡོང་བ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།