དབུ་ཤོག>ཞིང་འབྲོག་གསར་པ།>ཞིང་འབྲོག་ཤེས་བྱ།
  • ཚན་རྩལ་ཞིང་དར་ལོ་ལེགས་རྣམ་པ་བཟང་། ཨ་ཁུ་ཞིང་པའི་འབྲུ་མཛོད་བྱུར་བུར་བཀང་།

    བོད་ཀྱི་ས་གནས་ཁག་གིས་སྟོན་བསྡུའི་ལས་དོན་ཏན་ཏིག་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-22

    རང་སྐྱོང་ལྗོངས་ཞིང་འབྲོག་ལག་རྩལ་འགན་གཙང་འགན་ལེན་ཚོགས་ཆུང་དང་མཉམ་དུ་གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར་སྐྱོད་སྐབས་ཞིང་ནང་དུ་བརྔ་བསྡུ་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་དུ་གྲགས། “ལག་རྩལ་པའི་རོགས་རམ་འོག་འདི་ལོ་གྲོང་ཚོའི་ནང་མུའུ་2800ཟིན་པའི་ནས་ཞིང་མུའུ་རེའི་ཐོན་ཚད་ཉུང་མཐར་ཡང་རྒྱ་མ་800ཟིན་པ་དང་རྒྱ་མ་རེར་སྒོར་3.2ལྟར་བརྩིས་ཚེ་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་ཡོང་བཟོ་འདུག”ཅེས་ནུབ་སྟོད་གྲོང་ཚོའི་གྲོང་མི་རྒྱལ་མཚན་གྱིས་གདེང་ཚོད་ཀྱིས་ཁེངས་བཞིན་དུ་བཤད།

    ཟླ་9ཚེས་14ཉིན་བར། ལྗོངས་ཡོངས་སུ་འབྲུ་རིགས་མུའུ་ཁྲི་131.69བརྔ་བསྡུ་བྱས་པ་དེས་འབྲུ་རིགས་འདེབས་ཁྱོན་གྱི་45.49%བཟུང་བ་དེའི་ནང་ནས་མུའུ་ཁྲི་95.14ཡོད་པ་རེད། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་པར་གཞིགས་ན། འདི་ལོ་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་108ཡན་ཟིན་རྒྱུ་ཡིན་པ་རེད།

    འདི་ལོ་རང་ལྗོངས་ཀྱིས་ཚན་རྩལ་གཞི་རིམ་དུ་ཁྱབ་གདལ་བཏང་ནས་ལག་རྩལ་འགན་གཙང་འགན་ལེན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འགག་རྩའི་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་རིམ་ཁག་ལེགས་ཆའི་ཚན་རྩལ་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། བྱང་ཆུབ་ཅིང་གོ་ཆོད་པའི་ལག་རྩལ་དེ་ཞིང་ནང་དང་འབྲོག་ར་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཁྱབ་གདལ་བཏང་ནས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་དང་ཞིང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་པ་དང་སོན་བཟང་ཁྱབ་གདལ་བཏང་སྟེ་དུས་ཐོག་ཏུ་ས་བོན་དང་། རྫས་ལུད། ཞིང་སྨན། སྐྱེ་ལྡན་ལུད་བཅས་དང་དེ་བཞིན་དམངས་ཕན་ཁ་གསབ་སྣ་ཚོགས་སྤྲོད་པ་དང་། བླང་བྱ་ནན་པོ་དང་བྱེད་ཐབས་བཟང་པོའི་ཐད་ནུས་པ་བཏོན་ནས་འབྲུ་རིགས་བདེ་འཇགས་འགན་ལེན་ཧུར་ཐག་བྱས་ཡོད་པ་རེད།

    “འབྲུ་རིགས་བརྟན་པོ་དང་། འབྲོག་ར་དར་བ། ཁྱད་ཆོས་མངོན་གསལ”བཅས་ལ་དམིགས་ནས་རང་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ལས་ཀྱི་འདེབས་འཛུགས་ལག་རྩལ་ཁག་30ལྷག་ཙམ་ལེགས་སྒྲིག་བྱེད་པ་དང་། ལག་རྩལ་རིགས་གཅིག་མཁས་ཅན་204མགྱོགས་མྱུར་བདམས་མངགས་བྱེད་པ། གྲོང་ཁྱེར་དང་ས་ཁུལ་གྱི་ལག་རྩལ་མི་སྣ་436དང་རྫོང་དང་ཤང་གི་ལག་རྩལ་མི་སྣ་3614ལ་སྐུལ་ཁྲིད་བྱེད་པ། གཞི་རིམ་གྱི་ཞིང་ལས་ལག་རྩལ་མི་སྣ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་3.9ལྷག་ཙམ་ལ་གསོ་སྦྱོང་བྱེད་པ། ལག་རྩལ་ལག་དེབ་དང་དཔེ་དེབ་སྣ་ཚོགས་3000ལྷག་ཙམ་སྤྲོད་པ་བཅས་བྱས་ནས་ལོ་སྟོད་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་འགན་ལེན་ནུས་ལྡན་བྱས་ཡོད།

    ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་དཔྱིད་རྨོད་དང་སྟོན་བསྡུའི་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་བས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་བཏང་བ་མ་ཟད། ཞིང་པའི་དཔལ་འབྱོར་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་གི་ཞིང་པ་ཟླ་བའི་ཁྱིམ་གྱི་སོན་ཁལ་མུའུ་10ཡི་ནས་ཚང་མ་མཛོད་ནང་བླུགས་ཤིང་། ཁོང་གིས“འདི་ལོ་བཏབ་པའི་ནས‘བོད་ནས་ཨང་320’འཕྲུལ་བསྡུར་འཚམ་པ་དང་། རྨོ་འདེབས་དང་བརྔ་བསྡུ་ཚང་མ་འཕྲུལ་ཆས་ལ་བརྟེན་པས་མུའུ་རེའི་ཐོན་འབབ་རྒྱ་མ་50ཙམ་མང་དུ་ཕྱིན་ཡོད། འདི་ལོ་ནས་བཟུང་རྒྱ་མ་8000ཙམ་བསྡུ་ཐུབ་པ་དང་ང་ཚོ་ནང་མི་ཚང་མའི་དུས་ཚིགས་རང་བཞིན་གྱི་ལས་གཉེར་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བསྡོམས་ཚེ་འདི་ལོ་སྔོན་དཔག་བྱས་ན་ཡོང་འབབ་ཁེ་གཙང་སྒོར་ཁྲི་12ཙམ་ཡོང་རེ་འདུག”ཅེས་ཟླ་བས་གསར་འགོད་པར་རྩིས་ཞིབ་ཕྲ་རྒྱག་བཞིན་དུ་དེ་ལྟར་བཤད།

    ཞིང་ལས་དེང་རབས་ཅན་དུ་འགྱུར་བར་ས་བོན་ནི་རྨང་གཞི་ཡིན། འདི་ལོ་རང་ལྗོངས་སུ‘ཧི་མ་ལ་ཡ་ཨང་22’དང་། ‘བོད་ནས་ཨང་2000’‘བོད་ནས་ཨང་3000’སོགས་ནས་ཀྱི་སོན་བཟང་མུའུ་ཁྲི་209.8ཁྱབ་གདལ་བཏང་བས་ནས་ཀྱི་སོན་བཟང་ཁྱབ་ཚད་93%ཟིན་ཡོད།

    འབྲུ་རིགས་ལ་ལོ་ལེགས་ཡོང་བར་ས་ཞིང་འགན་ལེན་བྱེད་དགོས། 2023ལོ་ནས་བཟུང་2022ལོའི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་14.71མུ་མཐུད་བསྐྲུན་པ་དང་། རིམ་རྩིས་བྱས་ན་2022ལོའི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་72.71བསྐྲུན་ཟིན་པ། 2023ལོའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དེ་གྲོང་ཁྱེར་6གི་རྫོང(གྲོང་ཁྱེར་དང་ཆུས)42དང་འབྲེལ་བ་ཡོད་པ་དང་། གསར་བསྐྲུན་ལས་འགན་མུའུ་ཁྲི་21ཟིན་པ། མུའུ་ཁྲི་39སྒྱུར་བཀོད་རིམ་སྤོར་བྱས་པ་རེད།

    ཞིང་པ་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་པོ་ཡིན་ཞིང་། ཞིང་པའི་འབྲུ་འདེབས་ཁེ་ཕན་འགན་སྲུང་དང་། ཞིང་པའི་འབྲུ་འདེབས་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ན་འབྲུ་རིགས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ལོ་རང་ལྗོངས་ཀྱིས“གཱ་གཅིག་ཀུན་ཁྱབ”ལ་བརྟེན་ནས་དུས་ཐོག་ཏུ་ཁ་གསབ་མ་དངུལ་ཞིང་པའི་ལག་ཏུ་སྤྲོད་རྒྱུ་ཡིན་པ་རེད། མིག་སྔར་རྨོ་ཞིང་གི་ས་རྒྱུ་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི་17507དོན་འཁྱོལ་བྱས་པ་དང་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་མ་དངུལ་སྤྲོད་ཐེངས་གཅིག་ལ་སྒོར་ཁྲི་1575སྤྲད་པ་མ་ཟད། རིམ་པ་དེ་གའི་ནོར་ཤུགས་ཧ་ཅང་ཁ་ཐང་བའི་གནས་ཚུལ་འོག་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.15བཏང་ནས་འབྲུ་རིགས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་སྐྱེ་ལྡན་ལུད་ཉོ་བའི་ཆེད་དོན་ཁ་གསབ་ཀྱི་སོན་བཟང་ཁ་གསབ་དང་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་ལ་སྤྱོད་རྒྱུ་ཡིན་པ་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཐང་སྨད་གྲོང་ཚོའི་སྔོ་ཚལ་རྟེན་གཞིའི་དྲོད་ཁང་ཆེ་མོར་སྐྱོད་སྐབས། ཧོང་ཀྭ་དང་། སུར་པན། ཁུའུ་ཀྭ ཀྲོ་མ་ཀྲུ་བཅས་ལ་ལོ་ལེགས་ཀྱི་དུས་ཚིགས་ཤར་ཞིང་། “ད་ཆ་ཞིང་ལས་ལག་རྩལ་མི་སྣས་ཞིང་ལས་སྐྱེ་དངོས་ལ་གཡོག་བྱེད་བྱེད་པར་རྗེས་འདེད་མཛུབ་ཁྲིད་བྱས་པས་དུས་ཚིགས་རྗེས་མར་ཐོན་འཕར་འབབ་འཕར་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་རྟེན་གཞིའི་འགན་འཁུར་བ་ཝུའེ་ཁོ་པིང་གིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།