གྲོང་གསེབ་གསར་པའི་འཕེལ་རྒྱས། མགྱོགས་འགྲོའི་རླུང་ལ་འགྲན་འདྲ།
—— མེ་ཏོག་རྫོང་དགུ་ཐང་ཤང་དུ་གཞུང་ལམ་ཤར་གཏོང་ཐུབ་ནས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་སྐོར་བཀོད་པ།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གྲོང་ནས་རྡོག་ཐོན་བྱས་ཏེ་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་རི་མཐོ་གྲོག་རོང་དང་སྔོ་ལྗང་ནགས་ཚལ་སྟུག་པོའི་ཁྲོད་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་ན། མེ་ཏོག་རྫོང་དགུ་ཐང་ཤང་གི་རི་འདབས་སུ་ཆགས་པའི་ཁང་བཟང་སྟར་པ་མང་པོ་མིག་ལམ་དུ་འཆར་འོང་།
དེ་སྔ་དགུ་ཐང་ཤང་ནི་ནགས་གསེབ་ཏུ་གནས་ཤིང་། ས་ཞིང་ཉུང་བ་དང་འགྲིམ་འགྲུལ་ཡང་སྟབས་བདེ་མེད། གྲོང་མི་མང་ཆེ་བས་ཆུ་འབྲས་དང་ཨ་ཤོམ་བཏབ་སྟེ་འཚོ་བ་སྐྱེལ་བཞིན་ཡོད་པས། ཡོང་འབབ་སྣ་ཁ་གཅིག་རང་ལས་མེད། གྲོང་མི་མི་ཉུང་བ་ཞིག་གིས་དྲན་གསོ་བྱེད་བཞིན་དུ། “རི་ཁུལ་ནས་ཕྱི་རོལ་དུ་སྐྱོད་སའི་ལམ་བུ་ཤར་གཏོང་མ་ཐུབ་པར་བརྟེན་གྲོང་ཚོའི་ཁྱད་ལྡན་ཐོན་རྫས་མང་པོ་འཚོང་ཐབས་མེད་པར་རུལ་འགྲོ་བཞིན་ཡོད། ཚང་མར་ཐོན་ལས་གང་ཞིག་འཕེལ་རྒྱས་གཏོང་བའི་བསམ་བློའང་འཁོར་མྱོང་མེད”ཅེས་བརྗོད།
དགུ་ཐང་ཤང་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་གི་འགན་འཁུར་བ་དཀོན་མཆོག་ཚེ་རིང་གིས་མྱོང་ཚོར་ཟབ་མོས། “2013ལོར་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བས། དགུ་ཐང་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བརྗོད།
ལམ་ཤར་གཏོང་ཐུབ་པ་ལས་སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཟོག་དང་དར་སྲོལ་ཆེ་བའི་ཁྱིམ་སྤྱོད་གློག་ཆས་རྩེ་གྲ་དག་ཕྱི་ཕྱོགས་ནས་རླངས་འཁོར་ལ་བླུགས་ཏེ་མེ་ཏོག་གི་ཁྱིམ་ཚང་ཁྲི་སྟོང་མང་པོར་དབོར་ཡོད། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སོ་ཕག་གི་སྡོད་ཁང་གསར་པས་སྔོན་ཆད་ཐོག་ཁ་རྩྭས་བཀབ་པའི་ཤིང་ཁང་གི་ཚབ་བྱས་ཤིང་། དེ་སྔ་ས་མཐོར་སྐད་གྲགས་ཆོད་པའི་མེ་ཏོག་གི་ཁུར་ཙ་བ་དང་དྲེལ་པ་དག་ཀྱང་དྲོད་ཁང་ཆེན་པོར་སྔོ་ཚལ་འདེབས་མཁན་དང་། དམངས་སྲོལ་གནས་ཚང་གཉེར་མཁན། ཟོག་འདྲེན་ཁ་ལོ་བ། མྱུར་སྐྱེལ་བ་བཅས་ཀྱི་ལས་རིགས་གསར་པར་ཞུགས་ཡོད།
དགུ་ཐང་ཤང་ཡང་དེ་ལྟར་ཡིན་པ་སྨོས་ཅི་དགོས། ནམ་ལངས་མ་ཐག་དགུ་ཐང་ཤང་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་གི་འགྱིག་ཤོག་དྲོད་ཁང་དུ་མང་ཚོགས་ཀྱིས་སྔོ་ཚལ་བཀོག་པའི་ལས་བྲེལ་གྱི་རྣམ་པས་ཁེངས་ཡོད།
ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་དགུ་ཐང་ཤང་གིས་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་ལ་བརྟེན་ནས། ནགས་ཁྲོད་ཐོན་ཁུངས་གཙོ་བོར་བྱས་པའི་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཤང་དེ་ཡོངས་སུ་རླམ་རྩྭ་ཕོ་སུལ་ཤ་མོ་འདེབས་ཁྱོན་མུའུ་60.72ཟིན་པར། མིག་སྔར་སྤྱི་རྒྱ་4500ལྷག་ཙམ་བཏུས་ཡོད་པ་རེད། ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་གི་འགན་འཁུར་བ་དཀོན་མཆོག་ཚེ་རིང་གིས། “མེ་ཏོག་ཏུ་ལམ་ཤར་གཏོང་མ་ཐུབ་པའི་སྐབས་རླམ་རྩྭ་ཕོ་སུལ་ཤ་མོ་བཏབ་ཀྱང་ཚོང་ལམ་མེད། ལམ་ཤར་གཏོང་ཐུབ་རྗེས་ང་ཚོས་གྲོང་ཚོ་6གི་མང་ཚོགས་ལ་རླམ་རྩྭ་ཕོ་སུལ་ཤ་མོའི་སོན་རིན་མེད་དུ་སྤྲད་པ་དང་། མཉམ་ལས་ཁང་གིས་རིན་གོང་འགན་ལེན་བྱས་ནས་གྲོང་མིས་བཏབ་པའི་རླམ་རྩྭ་ཕོ་སུལ་ཤ་མོ་ཉོས་ཏེ། ཟོག་འགྲེམས་བརྒྱུད་བོད་ཀྱི་ས་གནས་ཁག་ཏུ་དབོར་ནས་བཙོངས་པར། ཁྲོམ་ར་ནས་རྒྱ་མ་རེར་སྒོར་650ནས་800བར་རག་གི་ཡོད་པ་དང་། འདི་ལོ་ཤང་ལ་འབབ་འཕར་སྒོར་ཁྲི་85ཡོང་རེ་ཡོད”ཅེས་བརྗོད།
འགྲིམ་འགྲུལ་སྟབས་བདེ་པོས་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ཡུལ་སྐོར། ཚོང་ལས་སོགས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་ཁྲིད་ཐུབ་སྟེ། ཇ་ལོ་དང་། ཚ་ཁུལ་གྱི་ཤིང་འབྲས། སྨྱུག་ཆས། རླམ་རྩྭ་ཕོ་སུལ་ཤ་མོ། ས་གནས་དེ་གའི་མོག་རོ་སོགས་ཁྱད་ལྡན་ཐོན་རྫས་ཀྱིས་གྲོང་མི་ཚོའི་ཡོང་འབབ་སྔར་བས་མང་དུ་ཕྱིན་པ་དང་འཚོ་བ་སྔར་བས་ལེགས་སུ་ཕྱིན་ནས་ངོ་གདོང་ལས་སྐྱིད་པའི་འཛུམ་མདངས་འཕྱུར་བཞིན་མཆིས།