དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཚན་རྩལ་འདེགས་སྐྱོར་བཟང་། གཡུར་ཟའི་འབྲས་བུ་སྨིན།

    —— ཚན་རྩལ་བོད་སྐྱོར་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-05

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་པུའི་མཛུབ་ཁྲིད་ཞིབ་ཚགས་དང་རྒྱལ་ཡོངས་ཀྱི་ཚན་རྩལ་ཁོངས་གཏོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཚན་རྩལ་བོད་སྐྱོར་འཆར་འགོད》དང《“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཤར་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་ལག་བསྟར་ཇུས་གཞིའི”》བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། ཚན་རྩལ་བོད་སྐྱོར་ལས་དོན་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་པ་དང་སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ལས་སྟེགས། ཤེས་ལྡན་པ་སོགས་ཀྱི་ཐད་ནས་ཀྲུང་དབྱང་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་གཞོགས་འདེགས་དང་ཚན་རྩལ་བོད་སྐྱོར་དང་ཚན་རྩལ་མཉམ་ལས་ཤུགས་ཆེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱས་ནས་གསར་གཏོད་འཕེལ་རྒྱས་མགྱོགས་མྱུར་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སྟར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ལོ་ངོ་སྟོང་ཡན་གྱི་གནའ་བོའི་སྟར་སྡོང་500ལྷག་ཙམ་ཡོད་པ་དང་2020ལོར་ཁྲང་ཅང་སློབ་ཆེན་སྟར་ཁའི་ཚན་རྩལ་ཆེད་མངགས་ཚོགས་པས་རྒྱ་ཚ་རྫོང་དུ་སྟར་ཁའི་ཞིབ་འཇུག་སུའོ་བཙུགས་ཚུན། ལོ་བརྒྱ་ཡན་གྱི་གནའ་བོའི་སྟར་སྡོང་3000ལྷག་ཙམ་ལ་ཡོངས་ཁྱབ་ཞིབ་བཤེར་གྱིས་བྱང་བུ་འགེལ་བའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། ཅང་སུའུ་ཞིང་ཆེན་ཚན་རྩལ་ཁོངས་གཏོགས་ཀྱིས་ཕྱོགས་མང་པོའི་ཐད་ནས་ཚན་རྩལ་བོད་སྐྱོར་མ་དངུལ་སྒོར་ཁྲི་4000ལྷག་ཙམ་གྲབས་གསོག་དང་བཀོད་སྒྲིག་བྱས་ཏེ“ནས་ཀྱི་སྦི་རག་རྩེ་གྲ་སྙོལ་བའི་ཞིབ་འཇུག་གསར་སྤེལ”དང“བོད་ཀྱི་བཟའ་བྱའི་ཤ་མོའི་རྟེན་གཞི་འཛུགས་སྐྲུན་དང་དེ་བཞིན་བོད་ཀྱི་རི་སྐྱེས་ཤ་མོ་ཐོན་ལས་ཅན་གྱི་དཔེ་སྟོན”སོགས་ཚན་རྩལ་རྣམ་གྲངས་60ལྷག་ཙམ་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་པ་དང་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁག་100ལྷག་ཙམ་ནང་འདྲེན་དང་ཁྱབ་གདལ་བཏང་བ། ཧྲན་ཏུང་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་པ་སྣམ་རྫོང་ཀྲུང་ནུང་ཧྲེང་ཡུས་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་གླིང་ད་ཆ“གླིང་གཅིག་ཁུལ་གསུམ་གྱི་རྟེན་གཞི་34”ཡི་སྔོ་ཚལ་ཐོན་ལས་ཀྱི་བཀོད་པ་ཞིག་གྲུབ་ནས་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.66ཟིན་པ་དང་། ལོའི་ཐོན་ཚད་རྒྱ་མ་དུང་ཕྱུར་1.2ཟིན་པ། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཙམ་ཟིན་ནས་བོད་ཀྱི་ལྗང་མདོག་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། ཉེ་འཁོར་གྱི་རྫོང(ཆུས)བཅུ་ལྷག་ཙམ་ལ་སྔོ་ཚལ་མུའུ་ཁྲི་10ཙམ་འདེབས་པར་སྐུལ་ཁྲིད་ཐུབ་ཡོད།

    ལོ་མང་རིང་ཚན་རྩལ་བོད་སྐྱོར་གྱི་རམ་འདེགས་འོག་རང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ནས་ཚན་རྩལ་གསར་གཏོད་ཀྱི་མེ་ཏོག་ས་མཐོའི་ས་གཞི་གང་སར་བཞད་ཡོད།

    གསར་གཏོད་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་དམིགས་ནས་ཚན་རྩལ་པུའུ་སོགས་སྡེ་ཚན་གྱིས་ལྷ་སའི་མཐོ་གསར་ཁུལ་དང་ཆབ་མདོའི་མཐོ་གསར་ཁུལ་གྱི་རྒྱལ་ཁབ་རིམ་པའི“གཉིས་གཏོད”དཔེ་སྟོན་རྟེན་གཞི་2དང་བོད་ལྗོངས(ཁྲེང་ཏུའུ)ཚན་རྩལ་ཁེ་ལས་སྐྱོང་གསོ་ཁུལ་དང་། ཆབ་མདོ་གྲོང་ཁྱེར་གྱི་ཚན་རྩལ་ཁེ་ལས་སྐྱོང་གསོ་ཁུལ། ལྷ་སའི་མཐོ་གསར་ཁུལ་གྱི་Nཚི་ཡོན་ཚན་རྩལ་གསར་གཏོད་སྐྱོང་གསོ་ཁུལ་བཅས་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་སྐྱོང་གསོ་ཁུལ་3བསྐྲུན་པར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་103དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་478འཕེལ་རྒྱས་དང་སྐྱེད་སྲིང་བྱས་པ། རྒྱལ་ཁབ་རིམ་པའི“གཉིས་གཏོད”གཞི་རྟེན་18བསྐྲུན་ནས་ཁེ་ལས་སུ“གཉིས་གཏོད”རྟེན་གཞི་2817བཅའ་སྡོད་བྱས་ནས་མི་ཁྲི་2.47བསྡུ་ལེན་བྱས་པའི་ནང་སློབ་གྲྭ་ཆེ་མོ་བ་6685བསྡུས་ནས་ལས་ཞུགས་ཐུབ་ཡོད་པ་རེད། གཙོ་གནད་སྐྱེད་སྲིང་དང་། གཞི་རྟེན་འཐུས་ཚང་། ལས་ཞུགས་བསྡུ་ལེན། གསོན་ཤུགས་འཕེལ་བ་བཅས་བྱས་པ་བརྒྱུད་བོད་ཀྱིས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ཚན་རྩལ་འདེགས་སྐྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    ལོ་མང་རིང་ཚན་རྩལ་པུའུ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སྤུས་ཚད་མཐོ་བའི་བོད་སྐྱོར་གཙོ་རྐང་དུ་བྱས་ནས་ཐོན་ལས་བོད་སྐྱོར་མངོན་གསལ་དོད་པོ་དང་ཚན་རྩལ་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    རྣམ་གྲངས་ཀྱི་རྒྱབ་སྐྱོར་ཐད་ཚན་རྩལ་པུས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་རྣམ་གྲངས་219དང་འགྲོ་གྲོན་སྒོར་དུང་ཕྱུར་2.63བཏང་བ་དང་། ཀྲུང་དབྱང་གིས་ས་གནས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་2022ལོའི་ལོ་འཁོར་དུ་མ་དངུལ་སྒོར་ཁྲི་7300ཟིན་པ་དེ་ལོ་གོང་མ་ལས་62.22%འཕར་ཡོད་པ་རེད། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱིས་བོད་འདི་ཉིད་ས་ཁོངས་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་འབྲེལ་ཐེབས་རྩའི་གྲོས་མཐུན་ནང་ཞུགས་པར་རྒྱབ་སྐྱོར་བྱས་པ་དང་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་མ་དངུལ་རྣམ་གྲངས་23ལ་རྒྱབ་སྐྱོར་བྱས་པར་ཐད་ཀའི་འགྲོ་གྲོན་སྒོར་ཁྲི་5980བཏང་ཡོད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁ་གཏད་བོད་སྐྱོར་གྱི་ཚན་རྩལ་རྣམ་གྲངས་170ཙམ་དོན་འཁྱོལ་བྱས་པར་འགྲོ་གྲོན་སྒོར་དུང་ཕྱུར་1.25ཙམ་ཟིན་ཡོད་པ་རེད།

    ལས་སྟེགས་འཛུགས་སྐྲུན་ཐད་བོད་ཀྱིས་ཞིང་ཆེན་དང་པུའུ་མཉམ་སྐྲུན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་1དང་། རྒྱལ་ཁབ་རིམ་པའི་ལག་རྩལ་གསར་གཏོད་ལྟེ་གནས་1 རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་4 རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་1 རྒྱལ་ཁབ་རིམ་པའི་ཕྱི་རོལ་གྱི་ལས་སྟེགས་ས་ཚིགས་9 རྒྱལ་ཁབ་ཀྱི་གསར་གཏོད་གྲོང་ཁྱེར་1 རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)1བཅས་བསྐྲུན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན“ཞིབ་ཚགས་པའི་རྩིག་རྨང་དུས་ཁྲིད་མ་ལག”ལྟ་ཞིབ་ཚད་ལེན་ས་ཚིགས་དང་དུས་ཁྲིད་ལས་སྟེགས་ལྷ་ས་དང་ནག་ཆུ་སོ་སོར་བསྐྲུན་ནས་རྒྱལ་ཁབ་ཀྱི་དུས་ཁྲིད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ལྷ་སའི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་དང་། རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས། ཆབ་མདོའི་རི་མཐོ་གྲོག་རོང་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས། ཉིང་ཁྲིའི་རང་བྱུང་གནོད་འཚེ་སྔོན་འགོག་ཚོད་འཛིན་དང་ལས་གྲྭའི་བདེ་འཇགས་ཞིབ་འཇུག་ལྟེ་གནས། ཀྲུང་གོ་ཚན་རིག་ཁང་ས་གཤིས་སུའོ་ལྷ་ས་གསར་གཏོད་རྟེན་གཞི། ལྷ་སའི་སའི་གོ་ལའི་མ་ལག་གི་སྣ་མང་དྲ་སྦྲེལ་ཞིབ་འཇུག་ལས་སྟེགས། ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས། རྒྱལ་ཁབ་མཚོ་བོད་ས་མཐོའི་ཚན་རིག་གཞི་གྲངས་ལྟེ་གནས་སོགས་གསར་གཏོད་ལས་སྟེགས་ཆེན་པོ་བཅུའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

    ཚན་རིག་ཁྱབ་གདལ་ཐད་ཚོགས་སྒྲིག་རྣམ་པའི“ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར”བྱེད་སྒོ་སྤེལ་ནས་རིན་ཐང་སྒོར་ཁྲི་770ལྷག་ཙམ་རི་བའི་ཚན་རིག་ཁྱབ་གདལ་གྱི་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་། བྱེད་སྒོ་ཐེངས་190ལྷག་ཙམ་སྤེལ་བ། ཚན་རིག་ཁྱབ་གདལ་གྱི་དཔེ་སྟོན་དང་སློབ་གསོའི་རྟེན་གཞི་144དང་། སློབ་གྲྭ་འབྲིང་ཆུང་གི་ཚན་རྩལ་ཁང་84 དགོན་སྡེའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོའི་ས་ཚིགས་25བཅས་བསྐྲུན་ཡོད་པ་རེད། ཚན་རྩལ་པུས“བོད་དུ་ཚན་རྩལ་ཁྱབ་གདལ་གཏོང་བ”དང“ཚན་རྩལ་མེ་འཁོར་བོད་དུ་གཏོང་བ”སོགས་ཚན་རྩལ་ཚན་རིག་ཁྱབ་གདལ་དཔེ་སྟོན་གྱི་བྱེད་སྒོ་གལ་ཆེན་སྤེལ་བ་རེད། ཚན་རྩལ་པུའི་རྒྱབ་སྐྱོར་འོག་ཀྲུང་གོ་ཚན་རིག་ཁང་གིས་བོད་ལྗོངས་གནམ་རིག་ཁང་ལ་ཚན་རིག་ཁྱབ་གདལ་དང་ཚན་རིག་ཞིབ་འཇུག་གི་བྱེད་ལས་ཉིས་ལྡན་གྱི་སྨི་གཅིག་རིམ་པའི་གནམ་རིག་འོད་རིག་གི་རྒྱང་ཤེལ་ཞིག་སྤྲད་པ་རེད།

    གྲོང་གསེབ་དར་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བ།

    གྲོང་གསེབ་དར་རྒྱས་གཏོང་བར་ཚན་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། ལོ་མང་རིང་། ཚན་རྩལ་པུའུ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་སོང་ཡོད།

    ཚན་རྩལ་པུས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ་ནག་ཆུ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོང་འཛུགས་ཀྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་སྔོ་འགྱུར་བྱེད་སྟངས་དཔེ་སྟོན་བྱས་ནས་ཚོད་ལྟའི་རྟེན་གཞི་མུའུ་625བསྐྲུན་པ་དང་། སྔོ་འགྱུར་དཔེ་སྟོན་རྒྱ་ཁྱོན་མུའུ་500ལྷག་ཙམ་ཟིན་པ། ལྗོན་ཤིང་རིགས་46དང་སྡོང་རྐང་ཁྲི་17ལྷག་ཙམ་ནང་འདྲེན་བྱས་པ། ནད་འགོག་སྡོང་རིགས་16གསལ་འབྱེད་བྱས་པ། གསོམ་ཤིང་སྡོང་པོ་སོགས་སྐྱེ་འཕྲོད་སྡོང་རིགས་8བདམས་ནས་དགུན་སྒྲོལ་སྐྱེ་ཚད་75%ཡན་ཟིན་པ་བཅས་རེད།

    མཚོ་བོད་ཚན་རིག་རྟོག་ཞིབ་ལས་དོན་ཐེངས་གཉིས་པ་སྤེལ་ཚུན། ཀྲུང་གོ་ཚན་རིག་ཁང་གིས་སྣེ་ཁྲིད་ནས་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཁག་མང་པོར་སྐུལ་འདེད་བཏང་སྟེ་མི་ཐེངས་8100སྒྲིག་འཛུགས་བྱས་ནས་བོད་དུ་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོ་ཁག་670ལྷག་ཙམ་སྤེལ་བ་དང་། བོད་ཀྱི་ཚན་ཞིབ་མི་སྣ་དང་ན་གཞོན་སློབ་མ་500ལྷག་ཙམ་བསྡུས་ནས་ཚན་རིག་རྟོག་ཞིབ་བྱེད་སྒོ་ཁག་བརྒྱ་ལྷག་ཙམ་ལ་ཞུགས་ཤིང་། 《བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཆར་འགོད》བཟོས་ནས《བོད་ཀྱི་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་ཚན་རིག་དང་མཐུན་པའི་དཔྱད་དཔོག》སོགས་དབང་གྲགས་ལྡན་པའི་ཚན་རིག་སྙན་ཞུ་ཡོངས་བསྒྲགས་བྱས་པ་དང་། བོད་ཀྱི་ཁོར་ཡུག་འགྱུར་ལྡོག་གི་ད་ལྟའི་གནས་བབ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་དཔྱད་དཔོག་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་བཟོ་རྒྱུར་ཞབས་ཞུ་དང་འདེགས་སྐྱོར་བྱས་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་ཁ་ཕྱོགས་ནས་ཚན་རྩལ་པུས“ས་བབ་མཐོ་བའི་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་ལས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན”སོགས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ“སྲིད་གཞུང་གིས་ཁྲིད་སྟོན་དང་། ཚན་རྩལ་གྱིས་འདེགས་སྐྱོར། ཁེ་ལས་ཀྱིས་སྣེ་ཁྲིད། མཉམ་ལས་ཁང་གིས་སྐུལ་ཁྲིད། དུད་ཚང་དབུལ་པོ་འབབ་འཕར”བཅས་ཟུང་དུ་འབྲེལ་བའི་ས་བབ་མཐོ་བའི་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྣམ་པ་དང་། ལག་རྩལ་རྣམ་པ། དབུལ་སྐྱོར་བྱེད་སྟངས་བཅས་ཀྱིས་དབུལ་པོར་སྣེ་ཁྲིད་དང་དབུལ་པོར་ཕན་འདོགས་པའི་ལམ་སྲོལ་བཙུགས་ཡོད། རིམ་རྩིས་བྱས་ན“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་8282མངགས་ནས་བོད་ལ་ཞིང་འབྲོག་ལས་ཀྱི“འདེབས་གསོ་སྣོན”གསུམ་གྱི་སྔོན་ཐོན་གོ་ཆོད་ཀྱི་ལག་རྩལ་ཁག་གཅིག་ནང་འདྲེན་དང་། དཔེ་སྟོན། ཁྱབ་གདལ་བཅས་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་ལ་སོན་བཟང་དང་། ཐབས་བཟང་། ཐོན་ལས་ཀྱི་ལེ་ལག་ཚང་བའི་ལག་རྩལ་གྱི་འདེགས་སྐྱོར་བཅས་བྱས་ཡོད། བོད་ཀྱི་ས་ཁོངས་གསར་གཏོད་ཁྱུ་ཚོགས་དང་ཚན་རྩལ་ཞབས་འདེགས་དྲ་རྒྱའི་འཆར་གཞི(STS)སོགས་གཙོ་གནད་ལས་འགན་བསྒྲུབས་ཏེ་བོད་དུ་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་བརྟེན་ནས་ཁེ་ལས་ལ་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར་8.89ལྷག་ཙམ་འཕར་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།