དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྟག་རྩེའི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་སྐྲུན་འགོ་ཚུགས་པ།

    ཁྱོན་མ་དངུལ་སྒོར་དུང་ཕྱུར་4.38བཏང་བ་དང་། ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3.6ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-15

    ཉེ་ཆར། སྟག་རྩེའི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ་དང་། རྣམ་གྲངས་དེ་ནི་བོད་ལྗོངས་གཞུང་ཁོངས་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་སིས་མ་འཇོག་ལས་གཉེར་བྱས་པ་ཞིག་ཡིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་4.38བཏང་བ་དང་། རྣམ་གྲངས་བསྐྲུན་ཟིན་རྗེས་སྟག་རྩེ་བཟོ་ལས་གླིང་ཁུལ་གྱི“གླིང་ཁུལ་ནང་གི་གླིང་ཁུལ”ལ་བརྩིས་ནས་སྟག་རྩེའི་ས་ཁམས་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཏུ་བཏོད་དེ་སྟག་རྩེ་ཆུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ནུས་ཆེན་པོ་སྣོན་རྒྱུ་རེད།

    སྟག་རྩེའི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་ནི་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོར་གནས་ཤིང་། གླིང་ཁུལ་གྱི་ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་36486ཟིན་པ་དང་། སྐྲུན་དངོས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་107749ཟིན་གྱི་ཡོད། རྣམ་གྲངས་དེ་བྱེད་ནུས་ཁུལ་གསུམ་དང་དུས་ཐེངས་ཁག་གསུམ་ལ་དབྱེ་ནས་བསྐྲུན་རྒྱུ་ཡིན་ཞིང་། དུས་ཐེངས་དང་པོར་ལྗང་མདོག་ཐོན་ལས་ཁུལ(ས་མཐོའི་སྐྱེ་དངོས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས)དང་། དུས་ཐེངས་གཉིས་པར་སྒུལ་ནུས་གསར་པའི་ཐོན་ལས་ཁུལ(ནུས་རྒྱུ་གསར་པ་དང་འཕྲུལ་གློག་བཟོ་སྐྲུན) དུས་ཐེངས་གསུམ་པར་མི་རིགས་རིག་གནས་ལག་ཤེས་བཟོ་ལས་ཁུལ་བཅས་སོ་སོར་འཆར་འགོད་བྱས་ཡོད། ད་ཐེངས་ལས་འགོ་ཚུགས་པ་ནི་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་ཡིན་པ་རེད།

    གསར་འགོད་པར་སྟག་རྩེའི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་གི་དུས་ཐེངས་དང་པོའི་འཛུགས་སྐྲུན་བྱ་ཡུལ་ནས་ཤེས་རྟོགས་བྱུང་བར། རྣམ་གྲངས་དེ་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་དང་པོ་ཚོགས་པ་ཚད་ཡོད་ཀུང་སིས་འགན་ཁུར་ནས་བསྐྲུན་ཞིང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་32161.25ཟིན་པ་དང་། ས་འོག་ཏུ་ཐོག་སོ་1དང་ས་སྟེང་དུ་ཐོག་སོ་11ཡོད། དེའི་ནང་དུ་ཚོང་ལས་དང་། གཞུང་ལས་དང་ཞིབ་འཇུག་གསར་སྤེལ་ཁུལ། བཟའ་བཏུང་། སྤྱི་ཤག ས་འོག་རླངས་འཁོར་འཇོག་ས། དེ་བཞིན་སྒྲིག་ཆས་ཁང་བཅས་ཚུད་ཡོད། མིག་སྔར་རྣམ་གྲངས་དེའི་ས་དོང་འདྲུ་བ་དང་ཆུ་འབུད་ལས་གྲྭ་བསྐྲུན་ཟིན་ནས་ཆུ་འབུད་ཨར་ལས་ཀྱི་འབྲེལ་ཡོད་མཇུག་བསྡུའི་ལས་དོན་སྤེལ་བཞིན་ཡོད་པ་དང་། གོམ་སྟབས་རྗེས་མར་ས་འོག་ཁང་པའི་རྨང་གཞིའི་ཨར་ལས་བྱ་རྒྱུ་དང་། སྔོན་དཔག་བྱས་ན་རྣམ་གྲངས་རྐྱང་པའི་ཨར་ལས་ཟླ་9པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་རེད།

    སྟག་རྩེའི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ཨར་ལས་བྱ་ཡུལ་གྱི་འགན་འཁུར་བ་ཝུའུ་ཕེང་གིས། “རྣམ་གྲངས་ལས་འགོ་ཚུགས་ཚུན་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། མིག་སྔར་ཨར་ལས་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད། ཨར་ལས་བྱ་ཡུལ་དུ་ཨར་ལས་མི་སྣ་30ལྷག་ཙམ་གྱིས་ལས་བགོས་མཉམ་སྒྲུབ་དང་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་ཡོད་པས། རྣམ་གྲངས་ཀྱི་དུས་ཐེངས་དང་པོ་སྔོན་དཔག་ལྟར་ན་2024ལོའི་ལོ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད”ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེའི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། སྟག་རྩེ་ཆུས་ཀྱི་ལྗང་མདོག་ཐོན་ལས་གསར་པ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་བོད་ཀྱི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་ཧུར་ཐག་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། སྟག་རྩེ་ཆུས་དང་ཐ་ན་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་དང་ཚན་རྩལ་ཐོན་ལས་ཀྱི་མིང་བྱང་གསར་པ་ཞིག་ཏུ་རིམ་བཞིན་འགྱུར་བར་བྱ་རྒྱུ་རེད། སྟག་རྩེ་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ལྷན་དཔལ་འབྱོར་འཕེལ་རྒྱས་དང་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཞུའེ་ཐིང་གིས། “སྟག་རྩེ་བཟོ་ལས་གླིང་ཁུལ་གྱིས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག་དང་། དེ་བཞིན་རྣམ་གྲངས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། རྣམ་གྲངས་ཀྱི་འཕེལ་རིམ་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པ་དང་རྣམ་གྲངས་ལག་བསྟར་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ནས་རྣམ་གྲངས་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་སྔ་ཙམ་ཐོན་པར་སེམས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།