དཀའ་ངལ་ཁྱད་བསད་ལས་གཏོད་བྱས། མི་ཚེའི་ལམ་བུར་འོད་སྣང་འཚེར།
བོད་ལྗོངས་བདེ་སྲུང་ལོང་བའི་འཕུར་མཉེད་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀུན་དགའ་དོན་གྲུབ་ཀྱི་སྐོར་བཀོད་པ།
བོད་ལྗོངས་བདེ་སྲུང་ལོང་བའི་འཕུར་མཉེད་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀུན་དགའ་དོན་གྲུབ་ཀྱིས་ཀུང་སིའི་གནས་ཚུལ་ངོ་སྤྲོད་བྱེད་པ།
ཀུན་དགའ་དོན་གྲུབ་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
བོད་ལྗོངས་བདེ་སྲུང་ལོང་བའི་འཕུར་མཉེད་ཁང་གི་ཟུར་ཞིག
བོད་ལྗོངས་བདེ་སྲུང་ལོང་བའི་འཕུར་མཉེད་ཚད་ཡོད་ཀུང་སིའི་ལས་མིས་སྐུ་མགྲོན་ལ་འཕུར་མཉེད་གཏོང་བཞིན་པ།
དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།
ལོང་བར་གྱུར་ཏེ་མིག་མདུན་གྱི་ཡོད་དོ་ཅོག་མུན་པས་བསྒྲིབས་ཀྱང་། ཁོང་གིས་འཚོ་བར་འཁང་ར་མེད་པར་མདུན་སྐྱོད་ཀྱི་ལམ་བུ་སྙིང་རུས་ཀྱིས་ཕ་མཐར་གཤགས།
དཀའ་སྡུག་གི་འཚོ་བའི་འཕྲང་ལམ་དུ་བར་ཆད་ཀྱི་སྨུག་སྤྲིན་བསྟུད་མར་འཁྲིགས་ཀྱང་། ཁོང་གིས་གོམ་པ་རེ་རེར་རྐང་རྗེས་རེ་རེ་བཞག་སྟེ། བར་ཆད་ཀྱི་ཡོལ་བ་རེ་རེ་དལ་གྱིས་ཕྱེ།
རང་ཉིད་ལོང་བའི་གནས་ལས་མ་ཐར་རུང་། ཁོང་གིས་རང་མཉམ་གྱི་བུ་ཕྲུག་ལོང་བ་མང་པོའི་མདུན་ནས་ཁྲིད་ཅིང་རྒྱབ་ནས་བསྐྱོར་ཏེ། ཁོང་ཚོར་རེ་བའི་འོད་ཟེར་སྦྱིན་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་མེད།
ཁོང་ནི་ཀུན་དགའ་དོན་གྲུབ་སྟེ། བོད་ལྗོངས་བདེ་སྲུང་ལོང་བའི་འཕུར་མཉེད་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཞིག་རེད།
རྨི་ལམ་འཁྲུགས་པའི་ལོ་ཟླ།
འདི་ལོ་ལོ་33ལ་སླེབས་པའི་ཀུན་དགའ་དོན་གྲུབ་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་དོན་གྲུབ་སྡིང་གྲོང་ཚོ་ནས་ཡིན་ཞིང་།
བྱིས་དུས་སུ་ཕྲུ་གུ་གཞན་དང་འདྲ་བར་དགའ་དགའ་སྤྲོ་སྤྲོའི་ངང་བྱིས་དུས་ཀྱི་འཚོ་བར་རོལ་བཞིན་ཡོད་མོད། ལོ་དྲུག་ལ་སླེབས་དུས། གྲོང་ཚོར་ནད་ཡམས་ཤིག་ཐོན་ཏེ་ཁོང་དང་ཁོང་ལྟ་བུའི་བྱིས་པ་མང་པོར་མིག་ནད་ཕོག བྱིས་པ་དེ་དག་གི་ཁྲོད་ནས་ཁོང་ལ་ནད་ལྕི་ཤོས་ཕོག་སྟེ། དུས་དེ་ནས་བཟུང་ཁོང་གི་མིག་ཟུང་ལོང་བར་གྱུར། འཇིག་རྟེན་གྱི་དོན་དག་མང་པོར་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་ཁོང་ལ་མཚོན་ན། དེ་ནི་མདང་ནུབ་ཀྱི་རྨི་ལམ་འཚུབ་པོ་ཞིག་དང་འདྲ་བར། རྨི་ལམ་དེས་གཡའ་དག་པའི་ཁོང་གི་ནམ་མཁའ་སྐད་ཅིག་ཉིད་དུ་མག་མོག་ཏུ་བཏང་། དེ་ནས་བཟུང་སྟེ། སྦར་ཉུལ་རྒྱག་བཞིན་མདུན་དུ་བསྐྱོད་རྒྱུ་ནི་ཁོང་གི་མི་ཚེའི་བགོ་སྐལ་དུ་སྨིན་ཞིང་། ན་ཟླ་ཚང་མ་དཔེ་ཁུག་རྒྱབ་ཏུ་ཁུར་ནས་ཤེས་བྱའི་དགའ་ཚལ་དུ་ཤེས་རིག་གི་སྦྲང་རྩི་འཐུ་བར་འགྲོ་དུས། ཁོང་ནི་མུན་ནག་གི་ཁང་ཆུང་གྲུ་བཞི་སྲུང་མཁན་གྱི་བྱ་ར་བ་ལྟ་བུ་དང་། གྲོང་པ་གཡས་གཡོན་གྱིས་མཐོང་ཆུང་གི་ཟུར་མིག་འཕེན་ཡུལ་དུ་གྱུར། ཁྱིམ་དུ་གཅེན་གཅུང་10ཡོད་པ་ལས་གཞན་རྣམས་ཕ་མས་རེས་མོས་བྱས་ནས་ཕྱི་ལ་ཁྲིད་དུས། ཁོང་ལ་དབང་བ་ནི་འགྲོ་རོགས་གྲིབ་མ་ནག་རིལ་དང་། ཉལ་རོགས་པུས་མོ་སྐྱ་རིལ་ལས་གཞན་ཅི། ཁེར་རྐྱང་དང་སྐྱོ་གདུང་གི་ན་བུན་འཐིབས་ཐེངས་རེར། མིག་ཆུ་རྡོག་པོ་ཁོ་ན་ཁོང་གིས་མི་ཡུལ་དུ་བཞག་པའི་ཟས་རིན་ཙམ་དུ་ཟད། དེའི་ཁར་རང་ལོ་12སྐབས་ཨ་མ་ཡང་ནད་ཀྱིས་མནར་ཏེ་ཚེ་ལས་འདས་པས། དེ་ནི་འཚོ་བས་ཉམ་ཆུང་གི་ཁོང་ལ་ཀུ་རེ་རྩེད་པ་དང་འདྲ་བར། རྨ་ཁ་རྙིང་པ་མ་གསོས་གོང་ནས་ཁོང་ལ་སླར་ཡང་རྨ་ཁ་གསར་པ་ཞིག་བཟོས།
ལོ་ཟླའི་གཙང་པོ་མདུན་ནས་མདུན་དུ་བཞུར་བ་དང་བསྟུན་ནས། ཁོང་གི་ལང་ཚོའི་ལྗོན་པའང་རིམ་གྱིས་རྒྱས། ལོ་མང་རིང་ལོང་བའི་བརྟུལ་ཞུགས་བཟུང་བའི་ཁོང་གི་འཚོ་བར་དྲག་ཆར་རླུང་འཚུབ་ཀྱི་བར་ཆད་རབ་དང་རིམ་པ་འཕྲད་ཀྱང་། ཁོང་གིས་འཚོ་བར་འཁང་ར་དང་ལས་དབང་ལ་སྡུག་ཡུས་སྤངས་ནས་དཀའ་སྡུག་གི་འཚོ་བར་མགོ་མ་བསྒུར་བར། རང་སེམས་ལ་སྙིང་རུས་ཀྱི་གོ་ཆ་སྤྲས་ཏེ། རང་ཁྱིམ་གྱི་རྒྱུས་མངའ་ཆེ་བའི་སྒོ་རར་བ་ཕྱུགས་ལ་གཟན་རྩྭ་སྦྱིན་པ་དང་། ལྕི་བ་སྒྲུག་པ། ཐབ་ཚང་དུ་ཕོར་པ་འཁྲུད་པ་སོགས་ཀྱི་ལས་ཀ་རྩག་རྩིག་བྱེད་པར་འབད། ཁོང་གིས། “མ་གཞི་སྐབས་དེ་དུས་ངས་སྒྲུབ་ཐུབ་པ་ནི་ཁྱིམ་ལས་རྩག་རྩིག་ཡིན་ཡང་། ནང་མིར་རོགས་ཕྲན་བུ་བྱེད་ཐུབ་དུས། ང་ལ་དགའ་བ་དཔག་མེད་སྐྱེས་འོང་། རང་གིས་མུ་མཐུད་དེ་འབད་བརྩོན་བྱས་ན། ལས་ཀ་དེ་བས་མང་བ་བྱེད་ཐུབ་ངེས་རེད་སྙམ་བྱུང”ཞེས་བརྗོད།
བརྗེད་དཀའ་བའི་སློབ་གཉེར་གྱི་འཚོ་བ།
རང་ལོ་17ལ་སླེབས་པའི་ཉིན་ཞིག་ལ། རླུང་འཕྲིན་ནས་ལོང་བའི་སློབ་གྲྭའི་སྐོར་གྱི་གསར་འགྱུར་ཞིག་ཐོས་ཤིང་། གསར་འགྱུར་དེ་ནི་རྨ་བྱ་མྱོས་པའི་འབྲུག་སྒྲ་ཞིག་དང་འདྲ་བར། ཁོང་གི་ལུས་སེམས་ཧྲིལ་པོར་དགའ་ཚོར་དཔག་མེད་བྱུང་སྟེ། རང་ཉིད་ཀྱང་ལོང་བའི་སློབ་གྲྭ་དེར་འགྲོ་འདོད་ཀྱི་འགྲམ་ཆུ་ལྡང་། ཕ་དང་གྲོང་ཚོའི་ཁ་ལོ་བ་གནམ་ལགས་ཀྱི་སྐྱེལ་རོགས་འོག ཁོང་ད་གཟོད་གཞིས་རྩེ་པད་གཞུང་ལོང་བའི་སློབ་གྲྭའི་སློབ་མར་གྱུར། གློ་བུར་དུ་ཕ་ཡུལ་དང་རང་ཁྱིམ་བཞག་ནས་ལོང་བའི་སློབ་གྲྭར་འབྱོར་དུས། སློབ་གྲྭའི་ཁོར་ཡུག་ལ་མ་གོམས་པ་དང་། རང་ཡུལ་ལྷག་ཏུ་དྲན་སྟབས། ཉི་མ་ལ་ཁར་མ་བྱོན་མཚམས་སུ་མལ་ཆས་ཀྱིས་མགོ་བོ་བཏུམས་ནས་མིག་ཆུ་གཏོང་བཞིན་ལུས། ཁོང་མིག་ཆུ་གཏོང་བཞིན་པ་སློབ་གྲྭའི་འཚོ་བའི་དགེ་རྒན་གྱིས་མཐོང་སྟེ། “སེམས་མ་སྐྱོ་ཨང་། སློབ་མ་ཚང་མ་རང་དང་གཅིག་པ་རེད”ཅེས་བཤད་དེ་སེམས་གསོ་གཏོང་བ་མ་ཟད། སེམས་གུ་ཡངས་སུ་གཏོང་ཆེད། དགེ་རྒན་གྱིས་ཁོང་ཕྱི་རོལ་དུ་འཆམ་འཆམ་བྱེད་པར་ཁྲིད་ཀྱི་ཡོད། ཁོང་གིས། “མ་གཞི་སྐབས་དེ་དུས་རྒན་ལགས་རྣམ་པར་གླ་ཆ་མཐོ་པོ་མེད་ཀྱང་། ང་ཚོ་སློབ་མ་རྣམས་ལ་རང་གི་ཕྲུ་གུ་ལྟ་བུའི་འདུ་ཤེས་བཟུང་ནས། བློ་གཅིག་སེམས་གཅིག་གིས་བྱམས་སྐྱོང་དང་ལྟ་རྟོག་གནང་གི་ཡོད”ཅེས་བརྗོད། ལོ་གཅིག་ལྷག་རིང་པད་གཞུང་སློབ་གྲྭར་སྡོད་རིང་། ཁོང་གིས་སློབ་མ་གཞན་དང་ལྷན་དུ་ཚལ་འདེབས་སྟངས་དང་། གྱོན་པ་འཁྲུད་སྟངས་སོགས་རྒྱུན་གཏན་གྱི་འཚོ་བའི་རྒྱུན་ཤེས་སྦྱངས། 2007ལོར་ལྷ་ས་ལོང་བའི་སློབ་གྲྭར་བསྐྱོད་དེ། ལོ་གསུམ་ཙམ་རིང་ལ་རྒྱ་ཡིག་དང་། བོད་ཡིག དབྱིན་ཡིག ཨང་རྩིས་སོགས་སྦྱངས་པར་མ་ཟད། ད་དུང་འཕུར་མཉེད་ཀྱི་ལག་རྩལ་ཡང་སྦྱོང་སྐལ་བྱུང་བས། རིམ་གྱིས་ཁོང་དང་འཕུར་མཉེད་ཀྱི་ལག་རྩལ་དབར་ལས་འཕྲོའི་མདུད་པ་ཐེབས།
2010ལོར་སྟེས་དབང་གི་གོ་སྐབས་ཤིག་གིས་ཁོང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་དངུལ་བཏང་བའི་དབང་པོ་སྐྱོན་ཅན་གྱི་འཕུར་མཉེད་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭར་ཞུགས་ཐུབ་སྟེ། ལོ་ཕྱེད་རིང་ལ། འཕུར་མཉེད་ཀྱི་ལག་རྩལ་སྦྱངས། 2010ལོར་ལྷ་ས་ལོང་བའི་སློབ་གྲྭ་ནས་ཐོན་པ་དང་། 2011ལོར་གཞིས་རྩེར་ལོག་སྟེ། རང་གིས་སྦྱངས་པའི་འཕུར་མཉེད་ལག་རྩལ་སྤྱད་ནས་འཕུར་མཉེད་ཁང་ཞིག་ཏུ་གླ་པར་བསྐྱོད། དེའི་རིང་ལ་ཁོང་གིས་རང་གི་ལག་ཟུང་ལ་བརྟེན་ནས་ཡོང་འབབ་ཐོག་མ་དེ་བསགས་པ་མ་ཟད། འཕུར་མཉེད་ཀྱི་ལག་རྩལ་ཡང་ནང་བྱན་ཆུད་པར་སྦྱངས། ལག་རྩལ་རིམ་གྱིས་བྱང་ཆུབ་པར་བརྟེན། ཁོང་ལ་ད་གཟོད་རང་ཉིད་སྒེར་གྱི་འཕུར་མཉེད་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། ཁོང་གིས། “ལོང་བ་གཅིག་པ་ཡིན་པས། གཞན་གྱིས་འཇོན་ན་ངས་ཀྱང་འཇོན་ངེས་ཡིན་བསམས་བྱུང་། ངས་དེ་འཕྲལ་རང་གི་གླ་པ་རྒྱུག་པའི་ཡོང་འབབ་སྒོར་1500དང་གཅེན་མོས་སྤྲད་པའི་སྒོར་500མ་རྩར་བྱས་ཏེ། 2011ལོའི་ཟླ་3པར་གཞིས་རྩེའི་ཕོ་བྲང་ལམ་རྒྱུད་དུ་རྒྱ་ཁྱོན་ལ་སྨི་ངོས་གྲུ་50ཙམ་གྱི་ཁང་པ་སྟེང་ཤོད་གཅིག་གླས་ཏེ་འཕུར་མཉེད་ཁང་ཞིག་བཙུགས་པ་ཡིན། སྐབས་དེ་དུས་ཆ་རྐྱེན་སྐྱོ་པོ་རེད། ཁང་པའང་མཛོ་མོའི་སྣ་ཁུང་ཙམ་ལས་མེད། སྟེང་དུ་རང་ཉིད་བསྡད། ཤོད་དུ་ཉལ་ཁྲི་གསུམ་བརྒྱབ་ནས་འཕུར་མཉེད་བྱེད་ས་བྱས་པ་ཡིན”ཞེས་བརྗོད།
ལས་གཏོད་ཀྱི་ལམ་བུ་གྱ་མ་གྱུ།
འཕུར་མཉེད་ཁང་བཙུགས་ཙམ་ལ། ཚོང་དེ་ཙམ་ཡག་པོ་མེད་པས། ཁོང་ལ་ཟླ་བ་རེར་ཡོང་འབབ་སྒོར་800ཙམ་ལས་ཡོང་གི་མེད། དེ་ནས་ཁང་གླ་དང་ཆུ་རིན་སོགས་ཕུད་ན། ལག་ཏུ་དངུལ་ཧ་ལམ་ལྷག་གི་མེད་ལ། མཚམས་རེ་ཉིན་ལྔ་དྲུག་བསྟུད་མར་སྐུ་མགྲོན་གཅིག་ཀྱང་ཡོང་གི་མེད། འོན་ཀྱང་། ཁོང་གིས་སེམས་ཤུགས་མ་ཉམས་པར་སྐོམ་པས་གཙེས་པའི་ཆར་སྡོད་བྱེའུ་སྦྲང་ཆར་བསིལ་མའི་དངོས་གྲུབ་ལ་རེ་བ་ཇི་བཞིན་སྐུ་མགྲོན་ཕེབས་རྒྱུར་བསྒུགས། ཁོང་གིས། “སྐུ་མགྲོན་འགའ་རེས་ང་ལོང་བ་ཡིན་པ་ཤེས་རྗེས། སོ་སོ་རང་མགོ་མ་ཐོན་པར་ད་དུང་གཞན་ལ་འཕུར་མཉེད་གཏོང་རྒྱུ་ཕ་རིའི་སྤང་རྒྱན་རེད་ཅེས་ཤོད་བཞིན་འདུག་པས། གལ་ཏེ་འཕུར་མཉེད་ཁོ་ནར་བརྟེན་ན་འཚོ་བ་འཁྱོལ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཆེན་པོ་བྱུང་། ད་བར་ངས་སྦྱངས་པ་ནི་འཕུར་མཉེད་ཀྱི་ལག་རྩལ་ཁོ་ན་ཡིན་ལ། ངས་ཤེས་པའང་འཕུར་མཉེད་ཀྱི་ལག་རྩལ་ཁོ་ན་ཡིན་པས། ལས་ཀ་དེ་བྱས་ན་ཡོང་འབབ་ཡག་པོ་མེད་པ་དང་། མ་བྱས་ན་ལས་ཀ་གཞན་འཇོན་གྱི་མེད་པས། དེ་ནི་བཏང་ན་རྫ་ཁོག་ཆག མ་བཏང་ན་ལག་པ་འཚིགས་ཞེས་པའི་དཔེ་ལྟར་རེད། བསམ་བློའི་འཐབ་རྩོད་དྲག་པོ་བྱས་མཐར། ངས་ཕྱི་བཤོལ་མེད་པར་མུ་མཐུད་དེ་ལས་ཀ་དེའི་རྒྱུན་བསྐྱངས་པ་ཡིན། ད་ལྟ་ཕྱིར་དྲན་བྱེད་དུས། སྔོན་ཆད་ཀྱི་དཀའ་སྡུག་གི་འཚོ་བའི་ཞུན་བརྡར་མེད་ན། ད་ལྟའི་ངའི་འཚོ་བ་གསར་པའང་ཡོང་ཐབས་མེད”ཅེས་བརྗོད། གཞན་ཡང་གཞིས་རྩེར་རང་ཉིད་ཕུད་ཁོང་ལ་སྤུན་མཆེད་དང་རོགས་པ་གཞན་མེད་པས། ཚལ་ཉོ་རྒྱུ་དང་ཁ་ལག་བཟོ་རྒྱུར་དཀའ་ངལ་ཆེན་པོ་འཕྲད། ཁོང་གིས་ཞོགས་པ་དང་ཉིན་གུང་རྩམ་པ་ཁོ་ན་ཟ་བ་དང་། ཆ་རྐྱེན་ཡོད་དུས་སྒོ་ང་བརྔོས་ཏེ་སྤགས་འདེད་བྱེད་ཀྱི་ཡོད། དགོང་ཟས་སུ་ཐུག་པ་སྟབས་བདེ་བསྐོལ་ནས་འཐུང་གི་ཡོད་པས། ཁ་ལག་བཟོ་སྐབས་མཛུབ་མོར་རྨ་བཟོས་ཏེ་ན་ཟུག་གིས་མནར་གྱི་ཡོད། ཁོང་གིས། “སྐབས་དེ་དུས་ངའི་འཕུར་མཉེད་ཁང་གི་འཁྲིས་སུ་ཕོ་བྲང་ཟ་ཁང་ཞེས་པ་ཞིག་ཡོད་ཅིང་། དེ་ནས་ཤ་བག་ཐུག་ཕོར་པ་གང་བཟའ་རྒྱུ་བྱུང་ན། ལོ་གསར་བཏང་བའི་སྣང་བ་ཡོང་གི་ཡོད”ཅེས་བརྗོད།
2012ལོར། གཞིས་རྩེ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣས་ཁོང་གི་དངོས་ཡོད་ཀྱི་དཀའ་ངལ་ལ་གཞིགས་ཏེ། གཞིས་རྩེའི་ཧེ་ལུང་ཅང་བྱང་ལམ་དུ་ཁང་པ་ཞིག་སྤྲད་པར་མ་ཟད། ཁང་གླའང་རྩ་ཆག་བཏང་བས། ཁོང་གི་ཁང་པའི་སེམས་ཁྲལ་དང་ཁང་གླའི་སེམས་ཁྲལ་ཡོངས་སུ་ཞི། འོན་ཀྱང་། སྐབས་དེ་དུས་ལམ་རྒྱུད་དེ་ནི་གྲོང་ཁྱེར་གྱི་བས་མཐའི་ཁུལ་ཡིན་པས། དེ་གར་འགྲུལ་བཞུད་བྱེད་མཁན་ཉུང་ཉུང་ཡིན་སྟབས། ཁོང་ལ་སྔར་རྒྱུན་བཞིན་ཚོང་ལམ་ཡག་པོ་མ་བྱུང་། ཁོང་གིས་མུ་མཐུད་དེ་ལྕང་སྡོང་འོག་ཏུ་རི་བོང་བསྒུགས་ནས་མ་བསྡད་པར། འཕུར་མཉེད་ཁང་གི་མིང་བྱང་བཟོས་ཏེ་གཞིས་རྩེའི་གྲོང་ཁུལ་གྱི་གསོལ་མགྲོན་ཁང་ཁག་ཏུ་སྐྱེལ་བར་ཕྱིན་ནས་བརྡ་ཁྱབ་བཏང་བ་མ་ཟད། སྒོ་རྩར་ཞབས་ཞུ་སྒྲུབ་པའི་བྱེད་ཐབས་སྤྱད་པས། ཁོང་གི་དཀའ་སྤྱད་ཀྱི་ཞིང་སར་རིམ་གྱིས་རེ་བའི་འབྲས་བཟང་སྨིན་ནས། ཟད་ལ་ཁད་ཀྱི་ཁོང་གི་ཡིད་ཀྱི་མེ་མདག་ལ་སླར་ཡང་རེ་བའི་མེ་ཁ་གསོས། 2012ལོ་ནས་བཟུང་། ཁོང་གིས་འཕུར་མཉེད་ཁང་དུ་རང་དང་སློབ་གྲྭ་གཅིག་པའི་ལོང་བའི་སློབ་མ་བསྡུས་ཏེ། ཁོང་ཚོར་འཕུར་མཉེད་ཀྱི་ལག་རྩལ་བུམ་པ་གང་བྱོའི་ཚུལ་གྱིས་བསླབས་པར་མ་ཟད། ཟླ་བ་རེ་རེར་གླ་ཆའང་དུས་ཐོག་ཏུ་སྤྲོད་འགོ་བརྩམས། ཁོང་གིས། “ངས་ཁོང་ཚོར་གླ་ཆ་སྤྲོད་དུས། ཁོང་ཚོར་དགའ་ཚོར་དཔག་མེད་བྱུང་སོང་། མ་གཞི་ཟླ་རེར་གླ་ཆ་སྒོར་2000ཙམ་ལས་མེད་ཀྱང་། ཁོང་ཚོར་མཚོན་ན་དེ་ནི་རང་གིས་དཀའ་ལས་བརྒྱབ་པའི་དངུལ་ཡིན་པས། རང་ཉིད་དབང་པོ་སྐྱོན་ཅན་ཞིག་གིས་ཀྱང་ཡོང་འབབ་གསོག་ཐུབ་པ་ཤེས་དུས། ཁོང་ཚོས་རང་གི་རིན་ཐང་རྟོགས་ནས། སྔོན་ཆད་འ་ཆད་འུ་ཐུག་ཏུ་གྱུར་བའི་ལོང་བ་མང་པོས་འཚོ་བར་བཅངས་པའི་དགའ་ཞེན་ཇེ་ཆེར་འགྲོ་བཞིན་འདུག་པས། ང་ལའང་མུ་མཐུད་དེ་ལས་ཀ་དེ་ཡག་པོ་བྱེད་པའི་སེམས་ཤུགས་ཆེན་པོ་འཕེལ་བྱུང”ཞེས་བརྗོད། རྒྱུས་ལོན་བྱས་པ་ལྟར་ན། ཀུན་དགའ་དོན་གྲུབ་ཀྱིས་ད་བར་དུ་དབང་པོ་སྐྱོན་ཅན་30ལྷག་ལ་འཕུར་མཉེད་ཀྱི་ལག་རྩལ་བསླབས་ཡོད་པ་དང་། ཁོང་ཚོ་འགའ་རེ་སྔར་བཞིན་ཁོང་གི་ཀུང་སིར་ལས་ཀ་བྱེད་པ་དང་། འགའ་རེ་ལྷ་ས་ནས་གཙོས་པའི་ས་ཆ་ཁག་ཏུ་འཕུར་མཉེད་ཀྱི་ལག་རྩལ་ལ་བརྟེན་ནས་རང་ཁ་རང་གསོ་ཐུབ་ཡོད།
འཚོ་བ་གསར་པའི་སྐྱ་རེངས།
2018ལོར། ཁོང་གིས་ཐོ་འགོད་མ་དངུལ་སྒོར་འབུམ་གཅིག་བཏང་ནས་བོད་ལྗོངས་བདེ་སྲུང་ལོང་བའི་འཕུར་མཉེད་ཚད་ཡོད་ཀུང་སི་བཙུགས། ཉེ་བའི་ལོ་ཤས་རིང་། རིམ་ཁག་སྲིད་གཞུང་དང་དེ་བཞིན་གཅེས་སེམས་མི་སྣའི་རོགས་རམ་ལས། ཀུང་སི་དེ་རིམ་གྱིས་ཀྲུང་ལུགས་དང་། བོད་ལུགས། ཕྱི་ལུགས་བཅས་གཅིག་ཏུ་འདུས་པའི་ཚད་ལྡན་གྱི་ལོང་བའི་འཕུར་མཉེད་ཀུང་སི་ཞིག་ཏུ་གྱུར་ཞིང་། ཁྱོན་ལས་མི་14ཡོད་པའི་ཁྲོད་དུ་ལོང་བའི་ལག་རྩལ་དགེ་རྒན་10ཡོད་པ་ཚང་མར་འབྲིང་རིམ་འཕུར་མཉེད་པ་ཡན་གྱི་ལག་རྩལ་གོ་མིང་ལྡན་ཡོད།
དེང་གི་ཆར། རང་ལྗོངས་ཀྱི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་དང་བསྟུན་ནས། མི་མང་པོས་རང་གི་གཟུགས་གཞིའི་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། མི་མང་པོ་མ་གྲོས་གཅིག་མཐུན་ངང་འཕུར་མཉེད་ཁང་དུ་ལུས་གསོ་བར་ཡོང་གི་ཡོད། ཀུན་དགའ་དོན་གྲུབ་ཀྱིས། “འདི་གར་མཇིང་ཚིགས་ནད་དང་། ཕྲག་པའི་ཚ་ནད། སྐེད་པའི་ཤ་གནད། རླུང་གཤེར་རང་བཞིན་གྱི་གྲུམ་ནད་སོགས་རྒྱུན་མཐོང་གི་ནད་ཕོག་པའི་མི་མང་པོ་ཡོང་གི་ཡོད་པས། ང་ཚོས་ལུས་གསོ་བྱས་པ་བརྒྱུད། ཕན་འབྲས་ཆེན་པོ་ཐོན་པས། ཁོང་རྣམ་པས་ཁས་ལེན་དང་གདེང་འཇོག་བཟང་པོ་བྱེད་པ་མ་ཟད། ཁོམ་པ་ཡོད་རིམ་བཞིན་འདི་གར་ཡང་སེ་ཕེབས་ཀྱི་ཡོད”ཅེས་བརྗོད།
སྔར་ནས་ད་བར། ཀུང་སིས་དབང་པོ་སྐྱོན་ཅན་དེ་བས་མང་བ་གསོ་སྐྱོང་བྱས་ནས་ཁོང་ཚོ་སྤྱི་ཚོགས་ཐོག་ཏུ་རྐང་པ་བརྟན་པོ་འཛུགས་ཐུབ་པ་དང་། རང་ཁ་རང་གསོ་ཐུབ་པ། རང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཕ་ཡུལ་ལྷོ་ཁ་ནས་ཡིན་པའི་བུ་ཆུང་ནི་ཀུང་སི་དེ་གའི་མཐོ་རིམ་འཕུར་མཉེད་པའི་ལག་རྩལ་གོ་མིང་ལྡན་པའི་ལས་མི་ཞིག་ཡིན་ཞིང་། ཀུང་སིར་ལས་ཀ་བྱས་ནས་ཟླ་གསུམ་ལྷག་འགྲོ་ཡི་ཡོད། ཁོང་གིས། “ང་ལ་མིག་ཤེད་སྐྱོ་བའི་ནད་ཕོག་ཡོད། འཕུར་མཉེད་ཀྱི་ལག་རྩལ་ལ་བརྟེན་ནས་ཀུང་སི་འདིར་ལས་ཞུགས་ཐུབ་པ་མ་ཟད། ཟླ་བ་རེར་གླ་ཆ་སྒོར་6000ཙམ་ལེན་རྒྱུ་ཡོད་པས། ད་ལྟ་འཚོ་བར་སེམས་ཁྲལ་ཅི་ཡང་མི་འདུག”ཅེས་བརྗོད།
མིག་སྔར། ཀུན་དགའ་དོན་གྲུབ་ཀྱི་ལོ་4ལ་སླེབས་པའི་ཕྲུ་གུ་བུ་བཅོལ་ཁང་དུ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། ཁོང་གིས་ལག་ཟུང་དྲོན་མོའི་འབད་བརྩོན་ལ་བརྟེན་ནས་གཞིས་རྩེ་གྲོང་ཁྱེར་དུ་ཁང་པ་ཉོས་པ་མ་ཟད། གཞིས་རྩེའི་གྲོང་ཁུལ་དང་ལྷ་རྩེར་ཡན་ལག་ཀུང་སི་བཙུགས་ཡོད་པ་རེད། འབྱུང་འགྱུར་འཆར་གཞི་གང་ཡོད་སྐད་ཆ་འདྲི་སྐབས། ཀུན་དགའ་དོན་གྲུབ་ཀྱིས། “ངས་མུ་མཐུད་དེ་དབང་པོ་སྐྱོན་ཅན་དེ་བས་མང་བ་ཀུང་སིར་ལས་ཞུགས་ཐུབ་པར་རོགས་རམ་བྱེད་རྒྱུ་དང་། དབང་པོ་སྐྱོན་ཅན་གྱི་ལས་གཏོད་རྟེན་གཞི་ཞིག་བཙུགས་ནས། ཁོང་ཚོར་རྩལ་ནུས་བསླབས་ཏེ་ཁོང་ཚོའང་བདེ་མ་ཐང་མའི་རྒྱུན་གཏན་གྱི་མི་དང་འདྲ་བར། རང་ནུས་ལ་བརྟེན་ནས་རང་མགོ་ཐོན་པ་བྱེད་རྒྱུ་ཡིན”ཞེས་བརྗོད།