དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གི་གྲོང་མིའི་ཆུ་མཁོ་འདོན་རྣམ་གྲངས་སང་ལོའི་ཟླ་ལྔ་པར་སྤྱོད་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་རྣམ་གྲངས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉང་བྲན་ཁྲོམ་གཞུང་གི་གྲོང་མིའི་ཆུ་མཁོ་འདོན་རྣམ་གྲངས་སང་ལོའི་ཟླ་ལྔ་པར་བསྐྲུན་ཟིན་ནས་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་མིའི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་དུས་ཡུན་ལོ་2ཡིན་པ་དང་ཨར་ལས་བྱེད་རིང་ཆུ་ལེན་ས་གཉིས་དང་། ཆུ་མཁོ་འདོན་ས་ཚིགས་གཅིག སྨི་ཁྲི་18ཟིན་པའི་ཆུ་མཁོ་འདོན་མདོང་ལམ་འདིང་རྒྱུ་རེད། 2023ལོའི་ཟླ་3ཚེས་24ཉིན་རྣམ་གྲངས་ལས་འགོ་ཚུགས་པ་ནས་བཟུང་། མིག་སྔར་ལས་གྲྭའི་སྤྱི་འབོར་གྱི་51%ལེགས་གྲུབ་ཟིན་ཡོད་པ་རེད།

    “རྣམ་གྲངས་ལག་བསྟར་བྱེད་རིང་། ང་ཚོས་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཚན་རིག་དང་མཐུན་པའི་དོ་དམ་དང་། བདེ་འཇགས་ཐོན་སྐྱེད། ཡ་རབས་ལྡན་པའི་སྒོ་ནས་ཨར་ལས་བཅས་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ཁག་ལེགས་སྒྲུབ་བྱས་པ་དང་། ས་གནས་དེ་གའི་འཕྲུལ་ཆས་དང་། སྐྱེལ་འདྲེན་རླངས་འཁོར། དེ་བཞིན་ངལ་རྩོལ་ནུས་ཤུགས་བཅས་གཙོ་གནད་ཐོག་བསྡུས་ནས་ས་གནས་དེ་གའི་མི་སེར་གྱི་འབབ་འཕར་ལ་ཆ་རྐྱེན་བཟང་པོ་བསྐྲུན་པ་མ་ཟད། བདེ་འཇགས་ཐོན་སྐྱེད་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་། ‘གཙང་གཉིས’བཅས་ཀྱི་ལས་དོན་ནན་ཏན་ངང་བསྒྲུབས་ནས་ལས་གྲྭའི་མ་འཇོག་ཚོད་འཛིན་ནན་པོ་དང་སྤུས་འབོར་འགན་ལེན་དང་དུས་བཀག་ནང་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ཏེ་ལས་གྲྭ་ཧྲིལ་པོ་བདེ་འཇགས་དང་བློས་འགེལ་ཆོག་པ་ཡོང་བའི་འགན་ལེན་བྱས་ཡོད། རྣམ་གྲངས་2024ལོའི་ཟླ་5པར་བསྐྲུན་ཟིན་ནས་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད”ཅེས་ཨར་སྐྲུན་ཚན་པའི་རྣམ་གྲངས་ཀྱི་འགན་འཁུར་བ་ཏོན་ཤུས་ཁྲུན་གྱིས་ངོ་སྤྲོད་བྱས།

    “ཉང་བྲན་ཁྲོམ་གཞུང་གི་ཆུ་མཁོ་འདོན་མདོང་ལམ་དྲ་བ་སྒྱུར་བཀོད་རྣམ་གྲངས་ནི་ཁྲེང་ཀོན་ཆུས་ཀྱི‘ལོ་ལྔ་ཚན་བཅུ་བཞི་པའི’གྲོང་གསེབ་ཀྱི་ཆུ་སྤྱོད་འཆར་འགོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་ངེས་རེད། གོམ་སྟབས་རྗེས་མར། ཉང་བྲན་ཁྲོམ་གཞུང་གིས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་སྦྲེལ་མཐུད་བྱས་ཏེ་རྣམ་གྲངས་ཀྱི་ཐོན་ཁུངས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད”ཅེས་ཉང་བྲན་ཁྲོམ་གཞུང་རྣམ་གྲངས་གཞུང་ལས་ཁང་གི་འགན་འཁུར་བ་བསོད་ནམས་ཕུན་ཚོགས་ཀྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཁྲེང་ཀོན་ཆུས་ཀྱི་དམངས་འཚོའི་རྣམ་གྲངས་བཅུ་གསུམ་གྱི་གྲས་ཤིག་ཡིན་པའི་ཉང་བྲན་ཁྲོམ་གཞུང་གི་གཞི་ཁྱོན་ཅན་གྱི་གྲོང་མིའི་ཆུ་མཁོ་འདོན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་6944.5བཏང་བའི་ནང་འཛུགས་སྐྲུན་བདེ་འཇགས་ཐད་མ་དངུལ་སྒོར་ཁྲི་5329.27བཏང་བ་དང་། རྣམ་གྲངས་བསྐྲུན་ཟིན་རྗེས་ཉང་བྲན་ཁྲོམ་གཞུང་གི་གྲོང་ཚོ་གསུམ་གྱི་དུད་ཚང་8000ལྷག་ཙམ་གྱི་མང་ཚོགས་54600ཡི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།