བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་ལྔ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་ཁག་དང་པོར་བདམས་པ།
འབྲི་གཡག་དང་། ནས། ཇ་ལོ། བོད་ཕག་སོགས་ཐོན་ལས་དང་འབྲེལ་བ་ཡོད་པ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་ནས། རང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་མདའ་ཤང་གི (འབྲི་གཡག)དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གྱི(ནས) ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱི(ཇ་ལོ) ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི(བོད་ཕག) ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་གི(འབྲི་གཡག)སོགས་ཤང་དང་གྲོང་རྡལ་5བདེ་བླག་ངང་བདམས་ཐོན་བྱུང་བ་རེད།
གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་ཁག་གྲོང་གསེབ་ཐིང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁྲུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་ལྗོངས་ཀྱིས་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་ཁག་23འཛུགས་གཏོད་ཀྱི་རེ་ཞུ་ཕུལ་བར་རིམ་རྩིས་བརྒྱབ་ན་ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་1.11དོན་འཁྱོལ་བྱས་ཡོད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ་མུ་མཐུད་ཞིང་ལས་གྲོང་གསེབ་པུའུ་དང་ནོར་སྲིད་པུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་རེ་ཞུ་དང་། འཛུགས་གཏོད། ངོས་འཛིན་བཅས་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བར་སྔར་བས་མཛུབ་ཁྲིད་བྱས་ཏེ“ཡུལ་ཟོག”གི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་པར་དམིགས་ནས་གྲོང་གསེབ་ཀྱི་ཐོན་ཁུངས་དང་ཞིང་ལས་ཀྱི་བྱེད་ནུས་མང་པོ་གསར་སྤེལ་བྱེད་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱེད་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་ཐོན་པར་བྱེད་པ། སྣེ་འདྲེན་སྟོབས་ཆེར་གཏོང་བ་དང་། འཁོར་སྦྲེལ་ཁ་གསབ་བྱེད་པ། ལས་རྣམ་དར་སྤེལ་གཏོང་བ། སྤུས་རྟགས་གཏོད་པ། གྲོང་གསེབ་ཐོན་ལས་ཀྱི་རྒྱུན་འཁོར་ཧྲིལ་པོའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་འགན་འཁྲི་ནན་དུ་གཏོང་བ། དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་གྱི་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།