དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཚན་རྩལ་གསར་གཏོད་རྣམ་པ་བཟང་། ཞིང་འབྲོག་ཐོན་ལས་དར་ཞིང་རྒྱས།

    —— རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་མུ་མཐུད་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་ཁུལ་དར་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་བཅས་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བྱེད་པ། སོན་བཟང་དང་ཞིང་བཟང་ཁྲིམས་བཟང་བཅས་ལ་བརྟེན་ནས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ། ཐོན་ལས་རིམ་སྤོར་ལ་བརྟེན་ནས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    ཞིང་འབྲོག་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་མ་དངུལ་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་དང་། ས་དཔྱད་ལུད་སྦྱོར། བྱ་བྲུན་དང་ཕྱུགས་ཟོག་གི་ལྕི་བ་ཐོན་ཁུངས་ཅན་བེད་སྤྱོད། ཞིང་ལས་སྐྱེ་དངོས་སོག་མ་ཕྱོགས་བསྡུས་བེད་སྤྱོད། སྦགས་བཙོག་ཤོར་བའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་བཅས་ཀྱི་ལེ་ལག་ཚང་བའི་ལག་རྩལ་ཆེ་གྲས་ལྔ་ལ་དམིགས་ནས། ལག་རྩལ་གྱི་མི་སྣ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་ལག་རྩལ་མཛུབ་ཁྲིད་བྱེད་པ་དང་བྱ་བྲུན་དང་ཕྱུགས་ཟོག་གི་ལྕི་བ་གཙང་འགྱུར་དང་བེད་སྤྱོད་ལ་སྐུལ་འདེད་བཏང་བས། སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཀྱང་བཏོད་ཡོད།

    རང་སྐྱོང་ལྗོངས་ཞིང་ལས་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་མཁས་ཅན་ཀྲའོ་ཀོན་ཧྥུང་གིས“སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་ནི་ས་རྒྱུའི་གཤིན་ཚད་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་རེད། ང་ཚོས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་མང་ཚོགས་ལ་མཛུབ་ཁྲིད་བྱས་ནས་དྲོད་ཚད་མཐོ་བའི་ལུད་བསྙལ་བ་དེས་དྲོད་སྲུང་དང་བརླན་སྲུང་གི་ནུས་པ་ཐོན་པ་མ་ཟད། ད་དུང་ལུད་རུལ་མགྱོགས་སུ་གཏོང་ཐུབ་པས་ཕན་འབྲས་དེ་བས་ཡག་པོ་ཡོད”ཅེས་གསར་འགོད་པར་བཤད།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས“ཁྱད་ལྡན་དང་། སྒོ་དབྱེ། གསར་གཏོད། དངོས་སྒྲུབ་བཅས་ཀྱི་སྒོ་ནས་ཞིང་འབྲོག་ཚན་རིག་ཁང་གཉེར་བའི”བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་རྨོ་ཞིང་བདེ་འཇགས་དང་། ས་བོན་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ལ་དམིགས་ཏེ་ཞིང་འབྲོག་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་ལྗང་མདོག་དང་། སྤུས་ལེགས། ཁྱད་ལྡན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་མགྱོགས་པོ་བཏང་བས། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་། ཐོན་འཕར། ཕན་འབྲས་ཆེར་གཏོང་བཅས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་ལས་སྟེགས་དང་བྱེད་པོ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ།

    འདི་ལོ་ཚུན། བོད་ལྗོངས་སྨར་ཁམས་དེང་རབས་ཞིང་ལས་ཐོན་ལས་གླིང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་པ་དང་། བོད་རང་སྐྱོང་ལྗོངས་འབྲི་གཡག་ཐོན་ལས་ཁྱུ་ཚོགས་ལེགས་ལྡན་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་པ། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་དང་། རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ། སྣང་རྫོང་སྣང་གྲོང་རྡལ། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ། ལྷོ་བྲག་རྫོང་རྫ་ར་ཤང་བཅས་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་ཡོད། ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་8དང་། ལེགས་ལྡན་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་5 ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་རྣམ་གྲངས་23བཅས་བདེ་བླག་ངང་རེ་འདུན་འཛུགས་གཏོད་བྱས་པ་རེད།

    ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་འབྲོག་ར་བཅས་165དང་། 12015 9264བཅས་སོ་སོར་ཟིན་ཡོད། “རྫོང་བརྒྱ་ཤང་སྟོང་གྲོང་ཚོ་ཁྲིའི”གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བར་འཕྱོངས་རྒྱས་རྫོང་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྫོང་ཁག་དང་པོའི་ནང་ཚུད་པ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་13དང་གྲོང་ཚོ་107དཔེ་སྟོན་ཤང་དང་གྲོང་རྡལ་དང་དཔེ་སྟོན་གྲོང་ཚོའི་ནང་ཚུད་ཡོད། རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་དང་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་49དང་30སོ་སོར་ཟིན་ཡོད། སྣེ་གདོང་དང་སྤོ་བོ་ཞིང་ལས་སྟོབས་ཆེན་རྫོང་2དང་ངམ་རིང་དང་། གམ་པ། ཉི་མ། གསེར་རྙེད། ཀོང་པོ་རྒྱ་མདའ་བཅས་འབྲོག་ལས་སྟོབས་ཆེན་རྫོང་5བཏོད་ཡོད།

    ལོ་ལྔའི་རིང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཕྱོགས་ཡོངས་ནས་རིམ་འཕར་བྱུང་ཡོད། བརྟན་པོ་དང་བདེ་འཇགས་ངང་མཁོ་འདོན་བྱེད་པའི་ནུས་པར་ཚད་བརྒལ་གསར་པ་བྱུང་ཞིང་། 2022ལོར་འབྲུ་རིགས་དང་། ཤ འོ་མ། སྔོ་ཚལ་བཅས་ཀྱི་ཐོན་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པའི་ནང་ཤ་དང་། འོ་མ། སྔོ་ཚལ་གྱི་ཐོན་ཚད་2017ལོ་ལས་20.7%དང་27.5%སོ་སོར་འཕར་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འཐེན་བཤེར་གྱི་སྤྱིའི་ཚད་ལོན་ཚད་97.5%ཡན་ཟིན་ནས་བརྟན་པོ་དང་བདེ་འཇགས་ངང་མཁོ་འདོན་བྱེད་པའི་ནུས་པ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད། ཐོན་ལས་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་བྱུང་ཞིང་། ནས་དང་། འབྲི་གཡག ལུག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྟེན་གཞི་ཆེན་པོ་བཅུ་གཞི་རྩའི་ཆར་གྲུབ་པ་དང་། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་མགྱོགས་པོ་བཏང་བ། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་། ཁེ་ལས་ཀྱི་སྤུས་རྟགས། ཐོན་རྫས་ཀྱི་སྤུས་རྟགས་བཅས་མཉམ་དུ་འཕེལ་རྒྱས་སོང་ཡོད། ཞིང་ནགས་འབྲོག་ཉ་ལས་རིགས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་278.62ཟིན་ནས་2017ལོ་ལས་56.4%འཕར་ཡོད། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་2017ལོ་ལས་63.8%འཕར་ཡོད་པ་རེད།

    གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་དབུལ་སྐྱོར་རྒྱུ་ནོར་གྱིས་ཕན་འབྲས་ཆེན་པོ་ཐོན་པ།

    ལྷ་ས་གྲོང་ཁྱེར་གཙང་རྟོགས་ཤང་ཆ་གྲོང་ཚོར་བསང་ཐོན་སྐྱེད་ལས་སྣོན་ནི་གྲོང་ཚོ་དེའི་ཁྱད་ལྡན་ཐོན་ལས་ཤིག་རེད། བསང་དེ་ནི་ས་བབ་མཐོ་ཚད་སྨི་4100ཟིན་པའི་དགའ་ལྡན་དགོན་པའི་ལེ་དབར་ལྔ་ཡི་རི་ལྡེབས་ཀྱི་དགའ་ལྡན་མཁན་པ་ཡིན་པ་དང་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡོད། 1995ལོ་ནས་བཟུང་གྲོང་མིས་བསང་ལས་སྣོན་བྱེད་འགོ་ཚུགས།

    ཐོན་ཁུངས་དེར་བརྟེན་ནས་ཆ་གྲོང་ཚོའི་གྲོང་མིས་ལས་སྣོན་མཉམ་ལས་ཁང་བཙུགས་པ་མ་ཟད། ད་དུང“དབང་པོ་རི་མཁན་པའི”ཚོང་རྟགས་ཐོ་འགོད་ཀྱང་བྱས་པ་རེད། ཕྱིས་སུ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཟླ་བ་དང་ཚེ་རིང་དོན་གྲུབ་ཀྱིས་མཉམ་ལས་བྱས་ཏེ། མཉམ་ལས་ཁང་གི་རྨང་གཞིའི་ཐོག་བོད་ལྗོངས་དབང་པོ་རི་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་པ་དང་ད་ཆ་ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཏེ་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་200ཟིན་ནས། ས་གནས་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

    ལོ་ལྔའི་རིང་རང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་23.8དུས་བཀག་བཞིན་དབུལ་སྒྲོལ་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་རིང་གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རྒྱུ་ནོར་གྱི་གཞི་གྲངས་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ“གཅིག་རེ་གསུམ”རིགས་དབྱེ་དང་རྒྱུ་ནོར་གཙང་བཤེར་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས། དབུལ་སྐྱོར་རྒྱུ་ནོར་གྱིས་གྲོང་གསེབ་དར་རྒྱས་གཏོང་རིང་ཕན་འབྲས་རྒྱུན་མཐུད་འདོན་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཆེད་རྨང་གཞི་བཏིང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལ་ཚད་བརྒལ་གསར་པ་བྱུང་ཞིང་། 2017ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་སྒོར་10330ཟིན་པ་དང་། དེ་རྗེས་ལོ་4བསྟུད་མར་གྲངས་གནས་གཉིས་འཕར་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་འཕར་ཚད་ཨང་དང་པོར་སླེབས་ཡོད། 2022ལོར་སྒོར་18209ཟིན་པ་དེས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་གྲངས་བཟུང་ཚད་ལས་བརྒྱ་ཆའི་གྲངས་13.53མཐོ་རུ་ཕྱིན་ཡོད། ཞིང་འབྲོག་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།