གྲོང་གསེབ་དར་རྒྱས་ཁྲོད་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་སྐོར་གྱི་བསམ་གཞིག
ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར། དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད། ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་འཁོར་རྒྱུག་ཐོགས་མེད་ཡོང་བ་བྱེད་དགོས”པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་པའི“ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་ལ་དམ་པོར་དམིགས་ནས། སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ”ལས་གོམ་སྟབས་རྗེས་མའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་བླང་བྱ་ཁ་གསལ་བཏོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་གསེབ་དར་རྒྱས་ནི་ཀྲུང་ཧྭ་མི་རིགས་་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལས་བྱུང་བའི་དུས་བབ་གསར་པ་དང་བླང་བྱ་གསར་པར་དམིགས་ཏེ། “ཞིང་གསུམ་”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་བཏོན་གནང་ཡོད། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁྲོད་ཞིང་འབྲོག་མང་ཚོགས་ནི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཆེས་གལ་ཆེ་བའི་སྟོབས་ཤུགས་འདོན་མཁན་དེ་རེད། དེ་བས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གོ་རིམ་ལྡན་པའི་ངང་ལག་ལེན་མཐའ་འཁྱོལ་བྱེད་པའི་འགག་རྩའི་གནད་དོན་ཞིག་ཡིན་པ་མ་ཟད། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་རིམ་གལ་ཆེན་ཞིག་ཀྱང་རེད། དེར་བརྟེན་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ནི་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་བྱང་ཚད་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད། བྱང་ཚད་ཀྱི་སྲོག་ཤིང་དེ་བསམ་བློའི་བྱང་ཚད་དང་། ཆབ་སྲིད་ཀྱི་བྱང་ཚད། ཀུན་སྤྱོད་ཀྱི་བྱང་ཚད་བཅས་གཙོ་བོ་ཕྱོགས་གསུམ་ནས་གྲུབ་ཡོད་པ་དང་། དེ་དག་ཕན་ཚུན་དབར་ཤུགས་རྐྱེན་ཐེབས་རེས་དང་གཅིག་ལ་གཅིག་བརྟེན་གྱིས་དུས་རབས་གསར་པའི་ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཀྱི་ནང་དོན་མཉམ་དུ་མཚོན་པར་བྱས་ཡོད།
དང་པོ། ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་བྱང་ཚད་ཀྱི་ནང་དོན་གཙོ་བོ།
ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ནི་ཞིང་འབྲོག་པའི་སྤྱི་ཚོགས་འཚོ་བའི་ཁྲོད་རང་བཞིན་གྱིས་གྲུབ་པའི་བསམ་བློའི་འདུ་ཤེས་དང་། ཆབ་སྲིད་ཀྱི་རྣམ་འགྱུར། ཀུན་སྤྱོད་དང་གཤིས་རྒྱུད་སོགས་ཅུང་བརྟན་པོ་ཡོད་པའི་གཤིས་ཀ་དེ་ལ་ཟེར་ཞིང་། ཞིང་འབྲོག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། ཆབ་སྲིད་ཀྱི་ལྟ་བ། ཀུན་སྤྱོད་ཀྱི་ལྟ་བ། ཁྲིམས་སྐྱོང་གི་ལྟ་བ་བཅས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན། ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དེ་བསམ་བློ་དང་ཆབ་སྲིད། ཀུན་སྤྱོད་བཅས་ཕྱོགས་གསུམ་ནས་མཚོན་བཞིན་ཡོད།
དུས་རབས་གསར་པའི་ཞིང་འབྲོག་པའི་བསམ་བློའི་བྱང་ཚད་ནི་ཞིང་འབྲོག་པའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་གཅིག་སྡུད་ཐོག་མངོན་པ་ཞིག་ཡིན་པ་དང་། ཞིང་འབྲོག་པའི་སྲོག་ཤིང་བྱང་ཚད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཞིང་འབྲོག་པའི་སྤྱི་ཚོགས་འཚོ་བར་ཁྲིད་སྟོན་བྱས་ནས་མི་ཚེའི་དམིགས་ཚད་དང་། མི་ཚེའི་འཕེལ་རིམ། རིན་ཐང་གཉེར་ཕྱོགས་བཅས་ལས་ཚད་ངེས་ཅན་ཞིག་གི་ཐོག་ཞིང་འབྲོག་པའི་བསམ་བློའི་བྱང་ཚད་ཀྱི་ལས་དོན་ལ་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། དེ་བས་དུས་རབས་གསར་པའི་ཞིང་འབྲོག་པའི་བསམ་བློའི་བྱང་ཚད་ནི་རང་རྒྱལ་གྱི་གྲོང་གསེབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་མཚོན་ཚུལ་ཞིག་དང་ཞིང་འབྲོག་མང་ཚོཌ་ཕྱོཌ་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ནང་དོན་གལ་ཆེན་ཞིག་ཡིན།
གཉིས་པ། ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་བྱང་ཚད་ཀྱི་ད་ལྟའི་གནས་བབ།
གྲོང་གསེབ་ཟམ་མི་ཆད་པར་སྒྱུར་བཅོས་གཏིང་ཟབ་བྱས་པ་ལས་གྲོང་གསེབ་ཀྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བར་སྐུལ་མ་ཐེབས་པ་དང་ཞིང་འབྲོག་པའི་སྐྱིད་སྣང་མིག་མཐོང་ལག་ཟིན་གྱིས་ཆེ་རུ་སོང་ཡོད། དེར་བརྟེན་ཞིང་འབྲོག་པའི་བསམ་བློ་ཀུན་སྤྱོད་ཀྱི་ལྟ་བ་དང་འདུ་ཤེས་ཀྱང་དེ་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད། འགྱུར་ལྡོག་བྱུང་བའི་རིགས་ལ་དགེ་མཚན་ལྡན་པའི་ཆ་ཡོད་ལ་དུས་བབ་དང་མི་མཐུན་པའི་ཞན་ཆ་ཡང་ཡོད།
གཅིག་ནས་གྲོང་གསེབ་ཀྱི་རིག་གནས་འཛུཊ་སྐྱོང་དང་བསམ་པའི་དཔལ་ཡོན་འཛུཊ་སྐྱོང་ཅུང་རྗེས་ལུས་ཡིན་པ་དང་། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ནུས་ཤུགས་ཞན་པས་གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་ལས་དོན་ཡག་པོ་སྤེལ་ཐུབ་ཀྱི་མེད། གཉིས་ནས་གྲོང་ཚོའི་ལས་བྱེད་པས་ལས་ཀ་སྒྲུབ་པའི་འཇོན་ཐང་ཞན་པ། གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་ནི་ཞིང་འབྲོག་པའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་སྣེ་ཁྲིད་པ་ཡིན་པས། ཐོག་མར་རང་ངོས་ལ་ལག་བསྟར་བྱེད་ནུས་ངེས་ཅན་ལྡན་དགོས་པ་ནི་ཐོག་མའི་ཆ་རྐྱེན་ལྟ་བུ་རེད། ལག་བསྟར་བྱེད་ནུས་ངེས་ཅན་ལྡན་ཚེ་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་གཞི་ནས་དོན་ཐོག་ཏུ་འཁྱོལ་ཐུབ། འོན་ཀྱང་མིག་སྔའི་གྲོང་ཚོའི་ལས་བྱེད་པ་ཁག་གཅིག་གི་བསམ་བློའི་བྱང་ཚད་དང་རིག་གནས་ཆུ་ཚད་ཅུང་དམའ་བའི་རྐྱེན་གྱིས་སྲིད་ཇུས་ཤེས་རྟོགས་དང་ལག་བསྟར་ཡག་པོ་བྱེད་ཐུབ་ཀྱི་མེད། གསུམ་ནས་གྲོང་ཚོའི་ལས་བྱེད་པ་ཁག་གཅིག་གི་བསམ་བློའི་འདུ་ཤེས་ཞན་པ་དང་། ལོ་ན་རྒན་པ། བསམ་བློའི་ལྟ་བ་ཅུང་རྗེས་ལུས་དང་མཁྲེགས་འཛིན་ཡིན་པ། སྐབས་བབ་དང་བསྟུན་མི་ཐུབ་པ། གསར་གཏོད་ཀྱི་འདུ་ཤེས་ཞན་པ། ལྷག་པར་དུ་གྲོང་ཚོའི་ནང་ཅུང་རྙོག་འཛིང་ཆེ་བའི་ལས་དོན་འཕྲད་དུས་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་མི་ཐུབ་པའམ་བྱེད་པའི་འཇོན་ཐང་མེད་པ་སོགས་ཀྱི་གནས་ཚུལ་ཡོད།
གསུམ་པ། ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་སྐོར་གྱི་བསམ་གཞིག
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “དབུལ་སྒྲོལ་བྱེད་པར་སྔོན་ལ་དངོས་པོའི་དབུལ་ཕོངས་ལས་སྒྲོལ་རྒྱུ་མ་ཡིན་པར། འདུ་ཤེས་དང་བསམ་བློའི་དབུལ་ཕོངས་ལས་སྒྲོལ་རྒྱུ་དེ་ཡིན”ཞེས་གསུངས་ཡོད་པ་ལས་འདུ་ཤེས་དང་བསམ་བློ་ནི་བསམ་བློ་ཆབ་སྲིད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན་པ་གསལ་པོ་རྟོགས་ཐུབ། ཞིང་འབྲོག་པ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཡིན་པས་དུས་རབས་ཀྱི་བླང་བྱ་ལྟར་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། དེ་ལྟར་བྱས་ཚེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།
གཅིག བསམ་པའི་རིག་གནས་སློབ་གསོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་ཅིག་དང་མི་རིགས་ཤིག་བློ་གཅིག་སེམས་གཅིག་གིས་མདུན་སྐྱོད་བྱེད་དགོས་ཚེ་ངེས་པར་དུ་ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་དགོས”ཞེས་གསུངས་ཡོད་པ་བཞིན། གཅིག་ནས་ཀུན་སྤྱོད་སློབ་གསོར་དོ་སྣང་བྱས་ནས་ཞིང་འབྲོག་པའི་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་གསོ་སྐྱོང་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་སྤྱིའི་བྱང་ཚད་མཐོ་རུ་གཏོང་དགོས་པ་དང་། ཞིང་འབྲོག་མང་ཚོགས་རྣམས་ཁ་དན་ཚིག་ལ་གནས་པ་དང་། སྒྲིག་བཀུར་ཁྲིམས་སྲུང་། མཐུན་སྒྲིལ་ཡོད་པ། ཀུན་སྤྱོད་ཡག་པ་བཅས་ཀྱི་དུས་རབས་གསར་པའི་ཞིང་འབྲོག་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས་ཀྱི་སློབ་གསོ་སྒྲོག་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་ཐུན་མོང་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས། གཉིས་ནས་ཞིང་འབྲོག་པར་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡི་སློབ་གསོ་དང་འདུ་ཤེས་གསུམ་གྱི་སློབ་གསོ། ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོ་སྤེལ་ནས། ཞིང་འབྲོག་པར་ཕུགས་བསམ་དང་དད་སེམས་ཡོད་པ་བྱེད་དགོས། གསུམ་ནས་ཞིང་འབྲོག་པའི་ཁྲིམས་སྐྱོང་གི་འདུ་ཤེས་དང་གསར་གཏོད་ཀྱི་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་གྲོང་གསེབ་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྱོང་ལག་བསྟར་བྱེད་པར་རམ་འདེགས་བྱེད་དགོས། དེ་མིན་ཆ་འཕྲིན་དྲ་བའི་ལག་རྩལ་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱིས་ཁྲིམས་ཤེས་པ་དང་། ཁྲིམས་སྲུང་པ། ཁྲིམས་སྤྱོད་པ། ཁྲིམས་ལ་བརྩི་བ་བཅས་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱེད་ཐུབ་དགོས། བཞི་ནས་ཞིང་འབྲོག་པའི་ཚན་རིག་རིག་གནས་ཀྱི་བྱང་ཚད་ལ་མཐོང་ཆེན་བྱེད་དགོས། དུས་ཚོད་ངེས་ཅན་ཞིག་གི་ནང་ཞིང་འབྲོག་པར་བསམ་བློ་ཀུན་སྤྱོད་གསོ་སྦྱོང་དང་དེ་བཞིན་རིག་གནས་ཤེས་བྱའི་སློབ་གསོའི་ལས་དོན་སྤེལ་དགོས། དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་ཞིང་འབྲོག་པར་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་བའམ། དེ་འབྲེལ་གྱི་རིག་གནས་ཤེས་བྱའི་འཆད་ཁྲིད་ལ་ཉན་པ་དང་གློག་བརྙན་བལྟ་བ་སོགས། དེ་མིན་རྒན་རབས་པས་ཀུན་སྤྱོད་དང་ཡུལ་སྲོལ་གོམས་གཤིས་གླེང་བ་སོགས་བཀོད་སྒྲིག་བྱས་ནས་སློབ་ཁྲིད་ཀྱི་ལས་སྟེགས་ཡོད་པ་དང་། དཔེ་དེབ་ཁང་ཡོད་པ། དམིགས་བཙུགས་ཀྱི་སློབ་སྦྱོང་བྱ་ཡུལ་འཛུགས་པ་སོགས་བྱས་ཏེ་ཞིང་འབྲོག་པའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཚན་རིག་དང་རིག་གནས་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་དགོས།
གཉིས། གྲོང་ཚོ་ཨུ་ལྷན་གྱིས་མང་ཚོགས་ལ་ཁྲིད་སྟོན་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།
གཅིག་ནས་རྩ་འཛུགས་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་བ་དང་ཚད་ལྡན་ཡིན་དགོས། གྲོང་ཚོ་ཨུ་ལྷན་གྱི་ཁོངས་མིའི་འགན་འཁྲི་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་ལས་ཀའི་ལས་བགོས་ཁ་གསལ་བཟོ་དགོས་པ། གཉིས་ནས་གྲོང་ཚོའི་ལས་བྱེད་པ་ནི་གྲོང་གསེབ་ཀྱི་ཆབ་སྲིད་དཔལ་འབྱོར་དང་རིག་གནས་ལས་དོན་སྤེལ་མཁན་གཙོ་བོ་ཡིན་པ་ཁ་གསལ་བཟོ་དགོས་པ། གསུམ་ནས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་བསམ་བློ་འཛུགས་སྐྱོང་ལ་འབད་འབུངས་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ནི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། གྲོང་གསེབ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་བྱེད་མཁན། སྒྲིག་འཛུགས་བྱེད་མཁན། ལག་བསྟར་བྱེད་མཁན་བཅས་ཡིན་པས། གཞི་རིམ་གྱི་ལས་ཀའི་ཁྲོད་དུ་རང་རྟོགས་ཀྱི་སྒོ་ནས་ཏང་གི་ལྟེ་བའི་ལས་ཀར་ཞབས་འདེགས་ཞུ་བ་དང་། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་དུས་རྒྱུན་དུ་བསམ་བློ་ཀུན་སྤྱོད་སྐོར་གྱི་སློབ་གསོའི་ལས་དོན་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་བྱང་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས།
གསུམ། སློབ་གསོའི་བྱེད་སྒོར་གསར་གཏོད་ཀྱི་ནང་དོན་ལྡན་དགོས།
གཅིག་ནས་བསམ་བློའི་འདུ་ཤེས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། བསམ་བློའི་རིན་ཐང་གི་འདུ་ཤེས་སམ་ལྟ་བ་ནོར་འཁྲུལ་ཅན་ལ་དུས་ཐོག་ཏུ་རང་རྟོགས་ཀྱིས་ཡོ་བསྲང་བྱས་ཏེ་ཡང་དག་པའི་མི་ཚེའི་ལྟ་བ་དང་། འཇིག་རྟེན་གྱི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་དགོས། གཉིས་ནས་རིག་གནས་ཀྱི་རྨང་གཞི་ཡག་ཏུ་གཏོང་དགོས། བོད་ཀྱི་གཞི་རིམ་གྲོང་ཚོའི་ལས་བྱེད་པ་ཡོངས་ཀྱི་རིག་གནས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པས་རིག་གནས་ཆུ་ཚད་མཐོར་གཏོང་གི་འདུ་འགོད་རྒྱ་ཆེར་སྤེལ་ནས་མང་ཚོགས་ཁྲོད་ཁྱབ་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ཚེ་གྲོང་ཚོ་འཕེལ་རྒྱས་དང་གྲོང་ཚོའི་ཤེས་ལྡན་མི་སྣ་གྲབས་གསོག་དང་གསོ་སྐྱོང་ལ་ནུས་པ་ཆེན་པོ་ཐོན་ནས་ཞིང་འབྲོག་པར་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་དང་སློབ་སྦྱོང་གི་གོམས་གཤིས་འཇགས་ཐུབ། གསུམ་ནས་བསམ་བློ་ཀུན་སྤྱོད་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། གྲོང་ཚོའི་ལས་བྱེད་པ་ནི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ཁྲིད་སྟོན་པ་ཡིན་པས། ངེས་པར་དུ་ཞིང་འབྲོག་པ་རྣམས་ལ་བསམ་བློ་དང་ཀུན་སྤྱོད་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས་པ་དང་། དུས་མཚུངས་སུ་གྲོང་གསེབ་སྤྱི་ཚོགས་ཀྱི་ད་ལྟའི་གནས་ཚུལ་དང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞི་བཅོལ་ནས་བསམ་བློ་ཀུན་སྤྱོད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་དགོས་ཤིང་། ཞིང་འབྲོག་མང་ཚོགས་ཀྱིས་གོ་ཐུབ་པ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་བསམ་བློ་ཀུན་སྤྱོད་ཀྱི་འདུ་ཤེས་དེ་ཞིང་འབྲོག་མང་ཚོགས་ཀྱི་སེམས་དབུས་སུ་ཟུག་ཐུབ་པ་བྱེད་དགོས།
(ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་མགོན་པོ་ཚེ་བརྟན)