དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས།

    བདེ་སྐྱིད་ལྡན་པའི་ཞིང་ཁམས་ཀྱི་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    གལ་ཏེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་གྱི་བོད་ལྗོངས་ས་མཐོ་ནི་དཀའ་ཚེགས་ཆེ་བའི་ས་ཆ་ཞིག་རེད་ཅེས་བརྗོད་ཚེ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནི་བོད་ཀྱི་བདེ་སྐྱིད་ལྡན་པའི་ཞིང་ཁམས་ཤིག་ཡིན་ཞེས་བརྗོད་ཆོག དེ་གར་ཡུལ་ལྗོངས་ལྟ་ན་སྡུག་པ་དང་གནམ་གཤིས་ཡག་པོ་ཡོད་པས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དང“གངས་ལྗོངས་ཀྱི་མུ་ཏིག”ཅེས་བརྗོད་ཀྱི་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཡུལ་ཟོག་འབེལ་བས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་སྔོན་ལ་དབུལ་ཞྭ་ཕུད་ཡོད། གྲོང་གསེབ་དར་རྒྱས་གཏོང་རིང་བྲག་ཡིབ་ཆུས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཀྱི་ཕན་ནུས་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

    ས་མཐོའི་འབྲི་ཏ་ས་འཛིན་ལས་འབབ་འཕར་ཕྱུག་འགྱུར་བྱུང་བ།

    ཉང་ཆུའི་འགྲམ་དུ་དགུན་ཚང་མོན་པ་མི་རིགས་ཤང་བཅུ་འཕར་གྲོང་ཚོ་ནི་རི་སྔོན་ཆུ་དྭངས་ཀྱི་གནས་སུ་ཆགས་པས་དེ་སྔོན་ཡུལ་མི་ཚོས་དེ་དག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་ཡུལ་དེ་ནི་ཉིང་ཁྲི་གྲོང་ཁྱེར་ཡོངས་ལ་སྐད་གྲགས་ཆོད་པའི་ཕྱུག་པོའི་གྲོང་ཚོའི་གྲས་ཤིག་ཡིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་གྱི་ཡོད། ས་བབ་མཐོ་ཚད་སྨི་3000ཟིན་པའི་བཅུ་འཕར་གྲོང་ཚོར་མི་མང་པོ་མེད་པ་དང་ས་རྒྱ་དེ་བས་ཆུང་བས་ཅི་ཞིག་ལ་བརྟེན་ནས་ཕྱུག་འགྱུར་ཡོང་གི་ཡོད་དམ། འབྲི་ཏ་ས་འཛིན་ནི་ཐོན་ལས་ཡག་པོ་ཞིག་རེད། གྲོང་མིའི་ངོས་ནས་བརྗོད་ན།“འབྲི་ཏ་ས་འཛིན་ནི་ཕྱུག་འགྱུར་གྱི་ནོར་བུ་ལྟ་བུ་ཞིག་རེད”ཅེས་བརྗོད་ཀྱི་ཡོད།

    2009ལོར་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྒོ་བྱང་བཀལ་ནས་བཙུགས་པ་དང་། 2010ལོར་བཅུ་འཕར་གྲོང་ཚོར་དུད་ཁྱིམ་རེར་དྲོད་ཁང་ཆེན་པོ་རེ་བསྐྲུན་ཡོད། འབྲི་ཏ་ས་འཛིན་བཏབ་པར་བརྟེན་2016ལོར་བཅུ་འཕར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ནས་ད་ཆ་གྲོང་ཚོ་ཡོངས་སུ་འབྲི་ཏ་ས་འཛིན་དྲོད་ཁང་66དང་འབྲི་ཏ་ས་འཛིན་འདེབས་ཁྱོན་མུའུ་70ལྷག་ཙམ་ཟིན་པ་དང་། ལོ་རེར་འབྲི་ཏ་ས་འཛིན་རྒྱ་མ་ཁྲི་5.6ཐོན་ནས་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    གྲོང་ཚོའི་བརྒྱབ་ནས་རི་འདབས་བར་འབྲི་ཏ་ས་འཛིན་དྲོད་ཁང་ཆེ་མོ་སྟར་པ་བསྒྲིགས་ཡོད། སྟོབས་རྒྱལ་གྱིས་འགྲམ་དུ་ཡོད་པའི་དྲོད་ཁང་ཁ་ཤས་ལ་མཛུབ་མོ་བཙུགས་ཏེ“དེ་དག་ནི་གསར་དུ་བསྐྲུན་པའི་འབྲི་ཏ་ས་འཛིན་གྱི་མྱུག་གསོ་ཁང་རེད། མཉམ་ལས་ཁང་གིས་གྲོང་ཚོ་ཡོངས་ཀྱི་གྲོང་མི་སྒྲིག་འཛུགས་བྱས་ཏེ་ངལ་ལས་ལ་བརྟེན་ནས་འབྲི་ཏ་ས་འཛིན་འདེབས་འཛུགས་དང་འདེབས་གསོ་བྱེད་ཀྱི་ཡོད། ལོ་ལྟར་དུད་ཚང་གཉིས་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་ཚེ་ཁྱིམ་ཚང་དེར་འབབ་འཕར་སྒོར་6500སྤྲོད་ཀྱི་ཡོད། འབྲི་ཏ་ས་འཛིན་གྱི་མྱུག་གསོའི་དྲོད་ཁང་ཆེན་པོ་8དེ་དག་གིས་འབྲི་ཏ་ས་འཛིན་འདེབས་འཛུགས་ཀྱི་མ་གནས་ཆུང་དུ་བཏང་བ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་འབྲི་ཏ་ས་འཛིན་མྱུག་གསོའི་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད། སླད་ཕྱིན་འབྲི་ཏ་ས་འཛིན་གྱི་མྱུག་གསོ་དང་བྲིན་ཚོང་གི་ཐོན་ལས་འབྲེལ་ཐག་ཆ་ཚང་བསྐྲུན་པར་རྨང་གཞི་བཏིང་ཡོད”ཅེས་ངོ་སྤྲོད་བྱས།

    རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ།

    མོན་གྲོང་གྲོང་ཚོ་ནི་གནས་སྤོས་གྲོང་ཚོ་ཞིག་ཡིན་ལ་ལོ་20ལྷག་ཙམ་རིང་ཁྱོན་ཡོངས་ནས་གནས་སྤོ་ཐེངས་གཉིས་བྱས། མོན་གྲོང་གྲོང་ཚོའི་གྲོང་མིའི་འཚོ་བ་ཡང་གནས་སྤོས་དང་བསྟུན་ནས་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཏུ་གྱུར་ཡོད།

    གནས་སྤོས་བརྟན་པོ་བྱུང་བ་དང་བསྟུན་ནས་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་དེ་མོན་གྲོང་གྲོང་ཚོར་འཕྲད་པའི་གནད་དོན་ཨང་དང་པོར་གྱུར་ཡོད། དེ་སྔ་རི་ཁུག་ཏུ་ཕྱུགས་འཚོ་དང་། འདེབས་འཛུགས། ནགས་ཁྲོད་ཐོན་ཁུངས་སྔོག་འདོན་བཅས་བྱེད་ཀྱི་ཡོད། དེ་གར་སྤོས་རྗེས་རང་བྱུང་མཛེས་ལྗོངས་དང་ཡུལ་སྐོར་ཐོན་ཁུངས་ཡག་པོ་དེ་འདྲ་ཡོད་པས་ཐོན་ཁུངས་བེད་སྤྱོད་ཇི་ལྟར་བྱེད་དགོས་སམ། ཆུས་དང་། ཤང་། གྲོང་ཚོ་བཅས་ཀྱིས་མ་གྲོས་གཅིག་མཐུན་གྱིས་ཡུལ་སྐོར་ལས་རིགས་ལ་དམིགས་ཤིང་། “ཁྱད་ཆོས་ཤིག་གཏོད་དགོས་ཚེ་ངེས་པར་དུ་ཡུལ་སྐོར་དེ་ང་ཚོ་མོན་པ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་དང་ཟུང་འབྲེལ་བྱས་ནས་མོན་པའི་རིག་གནས་སྔོག་འདོན་བྱས་ཏེ་མོན་པ་རིགས་ཀྱི་ཁྱད་ལྡན་དམངས་སྲོལ་རིག་གནས་གྲོང་ཚོ་གཏོད་དགོས”ཞེས་དབང་གྲགས་ཀྱིས་བཤད།

    2019ལོའི་ལོ་མཇུག་ཏུ་མོན་གྲོང་གྲོང་ཚོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཁག་གསུམ་པའི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོའི”མིང་བཏགས་པ་དང་དེ་རྗེས་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོས་དམངས་སྲོལ་འཁྲབ་སྟོན་ལྟེ་གནས་འཛུགས་སྐྲུན་དང་། ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ལྡུམ་ར་སྒྱུར་བཀོད། མོན་པའི་ཁྱད་ཆོས་ལྡན་པའི་རིག་གནས་སྔོག་འདོན་བཅས་བྱས་པས་གྲོང་མི་ཚོར་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད། ན་ནིང་གི་ལོ་མཇུག་བར་མོན་གྲོང་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི་4ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ལས་ཞུགས་ལས་གནས་40ལྷག་ཙམ་ཐག་གཅོད་བྱས་པ། གྲོང་ཚོའི་མཉམ་སྡེབ་དང་གྲོང་མིར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་150ལྷག་ཙམ་བྱུང་ཡོད། ལོ་མཇུག་ཏུ་མོན་གྲོང་གྲོང་ཚོར་ཡུལ་མིའི་འཐུས་མི་ཚོགས་ཆེན་འཚོགས་ནས་ཡུལ་སྐོར་ཡོང་འབབ་བགོ་བཤའ་བརྒྱབ་པར་གྲོང་ཚོའི་དུད་ཚང་38ལ་ཡོང་འབབ་སྒོར་ཁྲི་19བགོས་པ་རེད།

    ལྡུམ་རའི་དཔལ་འབྱོར་ལ་ཕན་འབྲས་དངོས་ཐོན་པ།

    ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་གང་སར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། “ལྡུམ་རའི་འབྲས་ཤིང་སྔ་ས་ནས་ཡལ་བཅོས་བརྒྱབ་ཟིན། ལོ་ལྟར་ཡལ་བཅོས་རྒྱག་དགོས་ཀྱི་ཡོད། ཡལ་ག་རིང་དྲགས་ན་འབྲས་བུ་འཐུ་བ་དང་ཐོན་འབབ་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། གལ་ཏེ་སྐྱེ་འཚར་ཡག་པོ་མ་བྱུང་ན་མཐུད་སྦྱོར་བྱེད་དགོས”ཞེས་ཡུལ་མི་པད་མས་རང་ཁྱིམ་གྱི་སྒོ་རའི་འབྲས་ཤིང་ལ་ལྟ་བཞིན་དུ་ངོ་སྤྲོད་བྱས། ལོ་མང་འབྲས་ཤིང་བཏབ་པའི་པད་མ་ནི་ཡལ་བཅོས་རྒྱག་པ་དང་། མཐུད་སྦྱོར་བྱེད་པ། ནད་འབུའི་གནོད་འཚེ་འགོག་བཅོས་བཅས་ལ་བྱང་ཆུབ་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་སྒོ་བརྡུངས་ནས་ཁོ་མོར་སྒོར་2700སྤྲད་པ་དེ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ན་ནིང་ལྷག་པའི་ཀུ་ཤུ་རྒྱ་མ་400ལྷག་ཙམ་ཚོང་ལམ་བཙལ་ནས་བཙོངས་པའི་དངུལ་རེད། ཁོང་གི་སྒོ་རར་ཧེ་པུའུ་ལང་དང་། ཀུ་ཤུ། ཁྲེ་ལི་ཙེ་བཅས་ཤིང་འབྲས་སྣ་ཁ་3གྱི་འབྲས་ཤིང་རྐང་20ལྷག་ཙམ་བཏབ་ཡོད་པ་དང་ན་ནིང་ཧ་ལམ་སྒོར་ཁྲི་2ཙམ་བྱུང་ཡོད་པ་རེད།

    ལྡུམ་ར་ཆུང་ཆུང་དེ་ཚོགས་སྤྱི་ཆེན་པོ་དང་འབྲེལ་བ་ཡོད་པ་དང་། མ་གནས་དམའ་ཡང་ཡོང་འབབ་མཐོ་པོ་རག་གི་ཡོད། ལྡུམ་རའི་དཔལ་འབྱོར་ནས་འབབ་འཕར་བྱུང་བ་དེ་ནི་སྤྲིན་པ་གྲོང་ཚོའི་ཡུལ་མིའི་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད། ཡུལ་མི་དར་རྒྱས་ཀྱི་ཁྱིམ་དུ་སྐྱོད་སྐབས་འབྲས་ཤིང་སྣ་ཚོགས་མིག་ལམ་དུ་འཆར། “ལྡུམ་རར་སྔོན་ཆད་བུད་ཤིང་དང་རྩྭ་ཕུང་སྤུངས་པ་དང་ད་ཆ་འབྲས་ཤིང་གིས་ཁེངས་ཡོད། ཁྲེ་ལི་ཙེ་སྡོང་པོ་6ནས་ན་ནིང་འབྲས་བུ་རྒྱ་མ་260བཏགས་པར་ཡོང་འབབ་སྒོར་ཁྲི་1.2བྱུང་། ལྡུམ་རར་ད་དུང་འབྲས་ཤིང་གཞན་དག་ཡོད། དེ་དག་ཁོ་ན་ལས་རྒྱུན་གཏན་གྱི་འཚོ་བའི་འགྲོ་སོང་འདང་གི་འདུག་ལ་ཐ་ན་ལྷག་མ་ཡང་ཡོང་གི་འདུག”ཅེས་དར་རྒྱས་ཀྱིས་བཤད།

    《ཞིང་པའི་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།