དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཁྱད་ལྡན་ཐོན་ལས་དར་ཞིང་རྒྱས། ཞིང་པའི་ཡོང་འབབ་ལྗིད་ཏིག་ཏིག

    —— གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། སྐལ་བཟང་གྲགས་པ།   |     སྤེལ་དུས།  2023-08-31

    འདི་ནི་མཚམས་གཅོད་ཀྱིས་ལག་ཤེས་བཟོ་ལས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད།

    འདི་ནི་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་ཟུར་ཞིག་ཡིན་པ།

    ཉི་མ་ཚེ་རིང(དཀྱིལ)གིས་མང་ཚོགས་དང་གླེང་མོལ་བྱེད་བཞིན་པ།

    གླང་མཐོང་གཞིས་ཀ།

    གླང་པ་གྲོང་ཚོར་ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་བོད་དུ་ཉར་ཚགས་ཆ་ཚང་ཤོས་ཀྱི་བོད་རྙིང་པའི་སྐུ་དྲག་གི་གཞིས་ཀ་ཞིག་ཡོད། གྲོང་ཚོ་དེ་2020ལོར་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་དུ་བཅུག་པ་དང་། 2021ལོར་ཁང་དམར་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་གྱུར།

    གླང་པ་གྲོང་ཚོ་ནི་ཁང་དམར་རྫོང་གི་བྱང་རྒྱུད་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་4162ཙམ་ཟིན་གྱི་ཡོད། ཞིང་ལས་གཙོ་བོར་བྱེད་པའི་ས་མ་འབྲོག་གི་གྲོང་ཚོ་དེར་དུད་ཚང་111དང་མི་འབོར་553ཙམ་ཡོད་ཅིང་། 2022ལོར་གླང་པ་གྲོང་ཚོའི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་24695ཟིན་གྱི་ཡོད།

    2021ལོ་ནས་བཟུང་། ཁང་དམར་རྫོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་ཁྲིད་སྟོན་དུ་མཐའ་འཁྱོངས་དང་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན། དཔེ་སྟོན་གྲོང་གསར་འཛུགས་པ་དང་མང་ཚོགས་ཕྱུག་པོ་ཆགས་པ་དམིགས་ཚད་དུ་བྱས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་ཡོད།

    མི་སྡོད་ཁོར་ཡུག་ལེགས་སུ་བཏང་། འཚོ་བ་གསར་པར་རེ་བས་ཁེངས།

    ཤེས་རྟོགས་བྱུང་བར་གཞིགས་ན། གླང་པ་གྲོང་ཚོ་ནི་ཁང་དམར་རྫོང་གི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ཚོད་ལྟའི་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲོང་ཚོ་དང་པོ་དེ་ཡིན་པ་རེད། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་3400ཙམ་བཏང་བ་དང་སྔོན་དཔག་བྱས་ན་2023ལོར་ལས་མཇུག་འགྲིལ་གྱི་ཡོད་པ་རེད།

    བསྟན་འཛིན་ངག་དབང་ནི་ས་ཕུད་སྒང་ཤང་གི་ཧྲུའུ་ཅི་ཡིན་པ་དང་། ཁོང་གིས་གསར་འགོད་པར“གྲོང་གསེབ་དར་རྒྱས་རྣམ་གྲངས་འཛུགས་སྐྲུན་ཐད་གླང་པ་གྲོང་ཚོས་གྲོང་ཚོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མང་ཚོགས་ཀྱི་ཁང་པ་དང་ཁང་ཕྱིའི་རྣམ་པར་སྒྱུར་བཅོས་དང་། རྗེས་ཤུལ་གྱི་ཐང་ཆེན་སྐྲུན་པ། ཁྱིམ་ཚང་མགྲོན་ཁང་གཉེར་བ། བཙོག་ཆུ་འགྲོ་ས་བཟོ་བ། མཛོད་ཁང་དང་གད་སྙིགས་བླུགས་སྒམ་བཟོ་བ། གླིང་ཁ་བཟོ་བ། གྲོང་ཚོའི་གཞུང་ལམ་བཟོ་བ། གྲོང་མིའི་ཁྱིམ་ཚང་གི་གསང་སྤྱོད་སྒྱུར་བཅོས་བྱེད་པ། གཙོག་ཆུ་གཙང་སེལ་ས་ཚིགས་འཛུགས་པ། གླང་མཐོང་གཞིས་ཀ་ཉམས་བཟོ་སོགས་ཀྱི་ལས་ལ་གཞོལ་ཡོད”ཅེས་བཤད། རྣམ་གྲངས་ལེགས་གྲུབ་བྱུང་རྗེས་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་། མི་སྡོད་ཁོར་ཡུག སྤྱི་པའི་ཞབས་ཞུ། ཐོན་ལས་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་བསལ་ནས། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་གྲོང་ཚོའི་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་འགྲོ་ཐུབ་ལ། དུས་ཡུན་རིང་པོ་མ་སོང་བར། གྲོང་ཚོའི་གཟུགས་བརྙན་ལེགས་སུ་གཏོང་བ་དང་། སྲོལ་རྒྱུན་གྲོང་ཚོའི་ཁྱད་ཆོས་མངོན་གསལ་དོད་པ། འགྲོ་ལམ་སྟབས་བདེ་བ། འཕྲོད་བསྟེན་ལེགས་པ། ཁོར་ཡུག་མཛེས་པ་སོགས་ཚད་གཞི་གསར་པ་ཞིག་ཏུ་སླེབས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་ཐུབ།

    མཚམས་གཅོད་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གླང་པ་བ་ཞིག་ཡིན་པས་གླང་པ་གྲོང་ཚོའི་འཕེལ་རྒྱས་ཀྱི་དཔང་མི་རེད་ཅེས་ཟེར་ནའང་ཆོག ཁོང་གིས“གླང་པ་གྲོང་ཚོར་བོད་ཀྱི་གྲོང་ཚོ་གཞན་དང་འདྲ་བར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལ་ང་ཚོའི་འཚོ་བ་ཡང་དེ་སྔོན་དང་མི་འདྲ་བར་ཧ་ཅང་ཡག་པོ་ཡོད། ཁང་པ་རྒྱ་ཆེ་ལ་ཉི་མ་དྲོ་བ་དང་དགོས་ངེས་ཀྱི་ཁྱིམ་ཆས་ཅི་འདོད་སྤྱོད་རྒྱུ་ཡོད། ད་ཆ་གྲོང་གསེབ་དར་རྒྱས་ཀྱི་འཛུགས་སྐྲུན་བྱེད་བཞིན་ཡོད་པས། གྲོང་ཚོའི་ཁོར་ཡུག་དེ་བས་ལེགས་སུ་འགྲོ་རྒྱུ་རེད་ལ། མི་དང་ཕྱུགས་རིགས་མཉམ་དུ་ཁང་པ་གཅིག་ནང་སྡོད་པའི་ལོ་རྒྱུས་ཡོངས་སུ་མཇུག་འགྲིལ་ཡོད”ཅེས་བཤད།

    རིག་གནས་ཡུལ་སྐོར་འཕེལ་རྒྱས་བཏང་། དམངས་ལ་འབབ་འཕར་ཡོང་བར་བྱེད།

    གླང་པ་གྲོང་ཚོ་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོར་འཛུགས་པའི་དུས་དང་བསྟུན་ནས། གྲོང་ཚོའི་སྤྱི་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྔོན་དང་མི་འདྲ་བའི་གོ་སྐབས་བཟང་པོ་བྱུང་ཡོད། གླང་པ་གྲོང་ཚོའི་གླང་མཐོང་གཞིས་ཀ་རྒྱལ་ཁབ་ཀྱི་A2རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་དང་། 2015ལོ་ནས་བཟུང་ཁང་དམར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་གླང་མཐོང་གཞིས་ཀར་མ་དངུལ་བཏང་སྟེ་ཁྱོན་ཡོངས་ནས་ཉམས་གསོ་བྱས་པས། གླང་པ་གྲོང་ཚོའི་ཡུལ་སྐོར་གསར་སྤེལ་ཐད་རྨང་གཞི་བརྟན་པོ་བཏིང་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ཚོད་ལྟའི་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། གླིང་ཁ་གསར་པ་རྒྱག་པ། མི་སེར་གྱི་ཁྱད་ལྡན་སྡོད་ཁང་དང་དམངས་སྲོལ་སྟོན་མོ་ཉམས་ལེན་ཁང་གསར་སྐྲུན་བྱེད་པ། མཛེས་ལྗོངས་ལྟ་སྐོར་དང་སྤྲོ་གསེང་རོལ་རྩེད། དམངས་སྲོལ་མྱོང་རོལ་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་ནས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་འགན་ལེན་བྱེད་ཀྱི་ཡོད།

    གླང་པ་གྲོང་ཚོའི་མཉམ་ལས་ཁང་གི་ཐོན་རྫས་ནང་ནས་དཀར་རྩམ་པ་ནི་གླང་པ་གྲོང་ཚོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་རྫས་ཤིག་རེད། ནས་དཀར་རྩམ་པར་ད་བར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ཡོད་ལ། དེའི་ནང་འཚོ་བཅུད་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་ཡོད་པས། ནད་རིགས་སྔོན་འགོག་བྱེད་ཐུབ་པ་མ་ཟད། ད་དུང་གཟུགས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་ཐུབ། ཁྲོམ་རའི་ཐོག་ནས་དཀར་རྩམ་པ་བྲིན་ཁ་རྒྱུག་པས། གླང་པ་གྲོང་ཚོའི་མང་ཚོགས་ཀྱི་འབབ་འཕར་ལམ་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    སྔོན་ཐོན་མི་སྣའི་སྣེ་ཁྲིད་འོག གྲོང་གསེབ་དར་རྒྱས་ལམ་དུ་འགྲོ

    མི་རྣམས་ཀྱིས་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གླེང་རིམ་བཞིན་དེ་སྔའི་ཧྲུའུ་ཅི་ཉི་མ་ཚེ་རིང་བརྗེད་ཀྱི་མེད། ཁོང་ནི་1961ལོར་སྐྱེས་པ་དང་། 1991ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ད་ལྟ་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པའི་འགན་འཁུར་བཞིན་ཡོད།

    ཁོང་ལ་ད་བར་རྫོང་དང་ཤང་གི་སྔོན་ཐོན་མི་སྒེར་དང་། ཕུལ་བྱུང་གི་ཏང་ཡོན་ལས་དོན་པ། ཕུལ་བྱུང་གཞི་རིམ་ཏང་ཀྲི་པུའུ་ཧྲུའུ་ཅི། ཕུལ་བྱུང་གི་གུང་ཁྲན་ཏང་ཡོན། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་མྱོང་ཡོད་ལ། ལྷག་པར་དུ་2012ལོར་ཉི་མ་ཚེ་རིང་རྒྱལ་ཁབ་ཀྱི་གཞུང་ཞབས་པར་གྱུར་ཡོད། ཁོང་གིས་གསར་འགོད་པར“གྲོང་གསེབ་ཕྱུག་པོ་ཆགས་མིན་གྱི་འགག་རྩ་ནི་ཀྲི་པུའུ་ལ་ཐུག་ཡོད། ཀྲི་པུའུ་ཡིས་ནུས་པ་འདོན་ཐུབ་མིན་ནི་འགོ་འཛིན་ལ་རག་ལས་ཡོད། ང་ཚོའི་གྲོང་ཚོར་རྡོ་སྣ་ཕུན་སུམ་ཚོགས་པོ་ཡོད་པས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་དུས་ཁྱད་ལྡན་གྱི་རྡོ་སྣའི་ཐོན་ཁུངས་སྔོག་འདོན་བྱས་པས། རྒྱ་ཆེའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུར་བསྐྱོད་དེ་ཐོན་ལས་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 2015ལོར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་པས། སྐབས་དེར་རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཉེར་མཁན་ནང་ཡོང་འབབ་སྒོར་ཁྲི་100ཟིན་མཁན་གྱི་གྲོང་ཚོ་གཅིག་པུ་དེ་ཡིན་པ་རེད། གླང་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་དང་། ཡོད་པ་ནས་ལེགས་པའི་བར། ལེགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་གྲུབ་འབྲས་ཐོབ་ཡོད”ཅེས་བཤད། “སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི”དང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་ལག་ལེན་བསྟར་ཏེ། དེ་སྔོན་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཕྱུག་པོ་ཆགས་ཐབས་བྱེད་པ་ནི་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་ཡོད་པ་དང་རྒྱང་རིང་གི་འཕེལ་རྒྱས་ཡོང་བའི་ཐབས་ཤེས་མིན་པ་ཤེས་ནས། 2018ལོའི་ཟླ་11ཚེས་21ཉིན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་འགྱུར་བ་བཏང་ནས་ཁང་དམར་རྫོང་གླང་མཐོང་ཁྱད་ལྡན་ཐོན་ལས་ཚད་ཡོད་ཀུང་སི་བཙུགས་པ་རེད། ཏང་ཀྲི་པུའུ་དང་། ཀུང་སི། མཉམ་ལས་ཁང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ལས་གཉེར་བྱེད་འགོ་ཚུགས་པ་དང་། སྔ་རྗེས་སུ་གླང་པ་གྲོང་ཚོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲོམ་རར་བཏོན་པས། རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ་དང་རྒྱ་ཁྱབ་ཀྱི་ཁས་ལེན་ཡང་ཐོབ་ཡོད་པ་རེད། 2022ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་317ཟིན་ཡོད། ཉི་མ་ཚེ་རིང་གིས་ཧྲུའུ་ཅི་བྱེད་རིང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཁོང་གིས་གྲོང་ཚོའི་དུད་ཚང་དབུལ་པོ་མ་བརྗེད་པར་རྟག་ཏུ་ཁོང་ཚོའི་ཁྱིམ་དུ་བསྐྱོད་ནས། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་དུས་མཚུངས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བྱས་ཏེ། ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་པར་སྐུལ་ལྕག་བྱེད་ཀྱི་ཡོད།

    ཁོང་གིས་གསར་འགོད་པར“ལོ་ཁ་ཤས་མ་འགོར་བར་གླང་པ་གྲོང་ཚོ་དེ་སྔར་བས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་ཞིག་ཏུ་འགྱུར་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།