དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    ཉེ་ཆར་གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་ལམ་ཆུང་གི་གཞོགས་གཉིས་སུ་སྔོ་ཐིང་ཐིང་གི་ལྗོན་ཤིང་དང་མེ་ཏོག་གིས་མཛེས་རྒྱན་སྤྲས་པ་དང་། བོད་བཟོའི་སྒོ་ར་ཆུང་ཆུང་ཞིག་ནང་འཛུལ་སྐབས་ཁང་པ་དཀར་ཆ་དོད་པ་དང་མེ་ཏོག་ཁྲ་ཆིལ་སྦ་ཆིལ་དང་སྤང་ལྗོངས་སྔོ་ཐིང་ངེར་ཡོད་པ་ནི་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་རེད།

    མཚོ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཆོས་འཕེལ་གྱིས“ང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་མང་ཚོགས་ལ་ཁང་པའི་རྒྱབ་མདུན་དུ་མེ་ཏོག་དང་སྤང་། ཤིང་འབྲས་ལ་སོགས་འདེབས་རྒྱུར་སྐུལ་མ་བཏང་བས་གྲོང་གསེབ་ཀྱི‘ཁུག་ཀྱོག’ཚང་མ་མང་ཚོགས་བློ་ཡིད་ཚིམ་པའི‘བདེ་སྐྱིད་ཀྱི་ཁུག་ཀྱོག’ཅིག་དང་། གྲལ་སྟར་འགྲིག་ལ་སྐྱིད་སྣང་དོད་པ་དང་སྔོ་ལྗང་མཛེས་སྡུག་གི་སྡོད་མལ་ཁོར་ཡུག ལྗང་མདོག་སྐྱེ་ཁམས་ཀྱི་གྲོང་གསེབ་བཅས་གཏོད་རྒྱུ་ཡིན”ཞེས་བཤད།

    མེ་ཏོག་སོས་པ་ཚོམ་བུ་རེ་རེ་དང་ལྗོན་ཤིང་སྡོང་པོ་རེ་རེ་ཡིས་སྒོ་རར་མཛེས་རྒྱན་སྤྲས་པ་དང་། ཁང་པ་ཚང་མར་སྲོལ་རྒྱུན་གྱི་ཀོང་པོའི་ཁྱད་ལྡན་མཛེས་བཟོ་དང་དེང་རབས་ཅན་གྱི་གློག་ཆས་བསྒྲིགས་པ་ལས་གྲོང་མི་བསོད་ནམས་ཚེའི་ཁྱིམ་གྱི་བཀོད་པ་ལྟ་ན་སྡུག་པ་ཞིག་མཆིས། བསོད་ནམས་ཚེས“ངེད་ཚོའི་གྲོང་ཚོ་ནི་གྲགས་ཅན་གྱི་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་གནས་པ་དང་སྔོན་ཆད་ཚང་མས་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུ་དེ་བཀོལ་སྤྱོད་ཐུབ་མེད། ལོ་ཤས་རིང་ངེད་ཚོའི་གྲོང་ཚོ་འཕེལ་རྒྱས་ཡག་པོ་བྱུང་བ་དང་གྲོང་མི་མང་པོ་ཞིག་གིས་རང་ཁྱིམ་གྱི་སྒོ་ར་དེ་མི་རིགས་ཀྱི་སྲོལ་རྒྱུན་ལྡན་པའི་མགྲོན་ཁང་དུ་བསྐྲུན་ནས་ཡུལ་སྐོར་བར་བོད་ཆས་དང་། རྒྱན་ཆ། བོད་ཟས་བཅས་འཚོང་བ་དང་བོད་རིགས་ཀྱི་གླུ་གར་སོགས་འཁྲབ་སྟོན་བྱེད་ཀྱི་ཡོད། ད་ཆ་ང་ཚོའི་གྲོང་ཚོར་སྲོལ་རྒྱུན་རིག་གནས་བེད་སྤྱོད་ཡག་པོ་བྱུང་ནས་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད། ན་ནིང་ངེད་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་ལ་ཡོང་བབ་སྒོར་ཁྲི་2ཙམ་བྱུང”ཞེས་བཤད།

    སྒོ་ར་རེར་མཛེས་ལྗོངས་རེ་དང་སྒོ་ར་རེར་རྣམ་པ་རེ་བསྐྲུན་ནས་དུད་ཚང་ཚང་མའི་མཛེས་སྡུག་ལྡན་པའི་སྒོ་ར་ལས་མཛེས་ཤིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་ཆགས་ཡོད། ད་ཆ་མཚོ་མགོ་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་ཕྱིའི་རྣམ་པ་དང་བསམ་པའི་དཔལ་ཡོན་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་ནུས་པ་རིམ་སྤོར་དང་གྲོང་གསེབ་ཀྱི་ཉམས་འགྱུར་མངོན་པར་བྱེད་པ་དང་དུས་མཚུངས། གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་བྱ་རྒྱུ་གཙོ་བོར་བྱས་པའི་གྲོང་གསེབ་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་བརྟེན་ནས་གྲོང་མིའི་ཤེས་དཔལ་བྱང་ཚད་མཐོ་རུ་བཏང་བ་རེད།

    “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་ཡ་ལ་སོའོ། སྲོག་ཤིང་ཞི་ཅིན་ཕིང་ལ་གོང་བཀུར་ཞུ……”ཞེས་པའི་སྐད་གསང་མཐོན་པོའི་གླུ་སྒྲའི་ཁྲོད་ཞོགས་པ་སྔ་པོ་ནས་མཚོ་མགོ་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་དགོད་སྒྲ་ལྷང་ལྷང་གྲགས། རྒན་རྒོན་ཚོ་བག་ཕེབས་ངང་ཇ་འཐུང་བཞིན་ཁ་བརྡ་གློད་པ་དང་། བྱིས་པ་གཉིས་གསུམ་རྩེད་འཇོར་རོལ་བ་དང་ཕིང་ཕང་སྤོ་ལོ་རྒྱག་བཞིན་ཡོད། ཏང་ཡོན་དང་བླངས་པས་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་གཙང་སྦྲ་ལེགས་པར་བྱས་ནས་མགྲོན་པོར་བསུ་བ་ཞུ་བཞིན་ཡོད།

    མཚོ་མགོ་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་ཇ་ཁང་གིས་དམངས་ཕན་སྲིད་ཇུས་གསར་པ་བཏོན་ནས་ལོ་16མན་དང་60ཡན་གྱི་གྲོང་མིས་ཉིན་ལྟར་རིན་མེད་པར་ཇ་མངར་མོའམ་ཡང་ན་ཇ་དྭངས་ཇ་དམ་གང་དང་བོད་ཐུག་ཕོར་པ་གང་འཐུང་ཆོག་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱིས་ཇ་ཁང་གཉེར་སྐྱོང་བར་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་སྟེ་དམངས་ཕན་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད།

    “གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་རྗེས་ཇ་ཁང་དུ་ཡོང་མཁན་གྲོང་མི་མང་དུ་ཕྱིན་པ་དང་ཚང་མར་གནད་དོན་གང་ཞིག་འཕྲད་རུང་ཇ་ཁང་ནང་གྲོས་བསྡུར་བྱེད་ཀྱི་ཡོད་ལ། གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་འཚོལ་བར་ཡང་སྟབས་བདེ་པོ་ཡོད་སྟབས་ཇ་ཁང་དེ་བས་འཁྲུག་ཆ་དོད་དུ་ཕྱིན་སོང”ཞེས་ཇ་ཁང་གི་སྦྱིན་བདག་པ་སྒྲོན་གྱིས་བཤད།

    པ་སྒྲོན་དང་མཉམ་དུ་ལས་ཀ་བྱེད་མཁན་ད་དུང་མཚོ་མགོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཀྱང་ཡོད། ཇ་ཁང་གི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ་དང་བསྟུན་ནས་རང་འགུལ་ངང་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་སོས་དལ་རོལ་རྩེད་རྩེ་བར་ཡོང་མཁན་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་གཞོགས་འདེགས་བྱས་ཏེ་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་དོ་དམ་ཡག་པོ་བྱས་ཏེ་ཏང་ཡོན་དང་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་བྱང་ཚད་མཐོར་གཏོང་འཛིན་གྲྭ་དང་། “བོད་གསར་རྙིང་བསྡུར་བའི་གཏམ་རྒྱུད་ཚོགས་འདུ”གཞོན་ནུ་ལོ་ཆུང་གི་དཔེ་ཀློག་འདུ་ཚོགས། མོས་ཕྱོགས་ལུས་རྩལ་འགྲན་ཚོགས། གྲོང་ཚོའི་ལོ་རྒྱུས་ཁང་དུ་ཅ་དངོས་བསྡུ་བ་སོགས་བྱེད་སྒོ་སྤེལ་ནས་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།

    “ངེད་ཚོའི་གྲོང་ཚོས་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་ནས་མང་ཚོགས་ལ་ཁེ་ཕན་བསྐྲུན་པ་དང་མང་ཚོགས་དང་ལྷག་པར་དུ་རྒན་རྒོན་དང་བྱིས་པས་ཏང་གི་བཀའ་དྲིན་ཟབ་མོ་ཚོར་ཡོད། ངེད་ཚོའི་ཏང་ཀྲི་པུའུ་ཡི་འབོད་སྐུལ་ནུས་པ་དེ་བས་ཆེ་རུ་ཕྱིན་པ་དང་མང་ཚོགས་གྲོང་ཚོའི་མཉམ་སྡེབ་ཀྱི་བྱེད་སྒོར་ཞུགས་པའི་ཧུར་བརྩོན་རང་བཞིན་ཡང་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་མཚོ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཆོས་འཕེལ་གྱིས་བཤད།

    གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་གིས་གྲོང་མིར་སོས་དལ་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་ཡིག་ངོ་མི་ཆོད་པའི་རྒན་རྒོན་འཕྲད་ཚེ་ཏང་ཡོན་དང་བླངས་པས་ཁོང་ཚོར་ཚགས་པར་དང་དུས་དེབ་ཀློག་པ་སོགས་ད་ཆ་དཔེ་དེབ་ཁང་ཆུང་ཆུང་དེས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཚོ་བ་གསར་པར་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། གྲོང་གསེབ་ཀྱི་དཔེ་ཀློག་གི་དར་སྲོལ་གསར་པ་ཆགས་རྒྱུར་ཁྲིད་སྟོན་ཡང་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།