དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • “གསེར་འབྲས”འདེབས་འཛུགས་བྱས། བདེ་སྐྱིད་འཚོ་བར་རོལ།

    མེ་ཏོག་རྫོང་བདེ་ཞིང་གྲོང་ཚོས་ཤིང་འབྲས་ཕི་ཕའི་ཐོན་ལས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོའི་ཤིང་འབྲས་ཕི་ཕ་ཡི་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། ཚན་རྩལ་ཆེད་མངགས་པས་གྲོང་མི་ཚོར་ཤིང་འབྲས་ཕི་ཕ་བདག་སྐྱོང་བྱེད་སྟངས་སློབ་བཞིན་འདུག ཉིན་ཤས་རིང་གྲོང་མི་ཚོས་ཉིན་ལྟར་ཤིང་འབྲས་ཕི་ཕ་འདེབས་རར་བསྡད་ནས་ཡལ་བཞུར་དང་ཡལ་གཅོད་རྒྱག་པར་བྲེལ། བདག་སྐྱོང་ལས་ཀ་དེ་ཡག་པོ་མ་བྱུང་ན་དུས་སང་ཤིང་འབྲས་ཕི་ཕ་ཡི་ཐོན་འབབ་དང་བྲོ་བར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    མེ་ཏོག་ཏུ་དུས་བཞིར་གནམ་གཤིས་དྲོ་ལ་ཆར་ཆུ་འབེལ་ཞིང་། དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་ལས་ཡུལ་འདི་ཚ་ཁུལ་དང་ཚ་ཁུལ་ཕལ་པའི་དཔལ་འབྱོར་ལོ་ཏོག་སྐྱེ་འཚར་ཡག་པོ་ཡོད། ཉེ་བའི་ལོ་ཤས་རིང་མེ་ཏོག་རྫོང་གིས་ཕི་ཕ་དཀར་པོའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས“གསེར་འབྲས”ཕི་ཕ་ཡི་སྤུས་རྟགས་ཧུར་ཐག་བཏོད་ཅིང་། ད་ཆ“གསེར་འབྲས”དེ་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་མཆོག་གཞན་ཞིག་ཏུ་གྱུར་པ་མ་ཟད། དེ་ལས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བའང་སྐྱེལ་རྒྱུ་བྱུང་ཡོད།

    བདེ་ཞིང་གྲོང་ཚོར་ཤིང་འབྲས་ཕི་ཕ་འདེབས་འཛུགས་བྱེད་པ་ནི་སྔ་ས་ནས་བྱ་དངོས་གསར་པ་མིན་ཞིང་། ཁྱིམ་ཚང་ཚང་མའི་ཁང་པའི་རྒྱབ་མདུན་དུ་ཤིང་འབྲས་ཕི་ཕ་ཡི་སྡོང་པོ་རེ་གཉིས་འདེབས་འཛུགས་བྱས་པ་དང་། གྲོང་མིས་ལོ་ལྟར་ཤིང་འབྲས་ཕི་ཕ་བཙོངས་པར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ཡོང་གི་ཡོད། འདི་ལོའི་ཟླ་4པར་བདེ་ཞིང་གྲོང་ཚོའི་ཕི་ཕ་དཀར་པོའི་སྡོང་པོར་འབྲས་བུ་ཐོག་མར་བཏགས་ཤིང་། འབྲས་བུ་ཐོག་མར་བཏགས་པར་ཐོན་འབབ་མཐོ་པོ་མེད་མོད། འོན་ཀྱང་སྲོལ་རྒྱུན་གྱི་ཤིང་འབྲས་ཕི་ཕ་དང་བསྡུར་ན་ཕི་ཕ་དཀར་པོའི་པགས་པ་སྲབ་པ་དང་། འབྲས་རྡོག་ཆེ་བ། རོ་མངར་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། སྲོལ་རྒྱུན་གྱི་ཤིང་འབྲས་ཕི་ཕ་ལས་ཀྱང་ཁྲོམ་རར་བྲིན་ཁ་རྒྱུག་ཆེ་བས་ཤིང་འབྲས་ཕི་ཕ་འདེབས་འཛུགས་བྱེད་མཁན་གྱི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་ཡོད།

    བདེ་ཞིང་གྲོང་ཚོ་ཕུད་མེ་ཏོག་རྫོང་གི་གྲོང་ཚོ་མི་ཉུང་བ་ཞིག་གིས་ཀྱང་ཕི་ཕ་དཀར་པོ་འདེབས་ཀྱི་ཡོད། མིག་སྔར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དང་། བདེ་ཞིང་ཤང་། འབྲས་སྤུངས་ཤང་སོགས་ཤང་དང་གྲོང་རྡལ་6གི་གྲོང་ཚོ་24ཚང་མར་ཕི་ཕ་དཀར་པོ་འདེབས་འཛུགས་རྟེན་གཞི་ཡོད་པ་མ་ཟད། ད་དུང་མེ་ཏོག་གྲོང་ཚོ་དང་སྡི་གདོང་གྲོང་ཚོ་གཉིས་སུ་སྤུས་ལེགས་ཕི་ཕ་དཀར་པོའི་ཐོན་རྫས་གསར་པ“ཟླ་གསུམ་དཀར་པོ”དཔེ་སྟོན་རྟེན་གཞི་བཙུགས་པར་ཤིང་འབྲས་ཕི་ཕ་སྡོང་རྐང་121ཡོད།

    ད་བར་མེ་ཏོག་རྫོང་གི་ཚ་ཁུལ་ཕལ་པའི་དཔལ་འབྱོར་ཤིང་འབྲས་ཀྱི་སྣ་ཁ་འཛོམས་ཀྱང་འཕེལ་རྒྱས་འགྲོ་འགོར་བས། གནས་ཚུལ་དེ་ལ་དམིགས་ནས། མེ་ཏོག་རྫོང་གིས་ཤིང་འབྲས་ཕི་ཕ་ཡིས་གཙོ་བོར་བྱས་པའི་ཚ་ཁུལ་ཕལ་བའི་དཔལ་འབྱོར་ཤིང་འབྲས་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཞིང་། ཕི་ཕ་དཀར་པོ་ཞེས་པའི་གསར་དར་ཐོན་ལས་དེ་མེ་ཏོག་རྫོང་དུ་རྩ་བ་ཚུགས་ནས་འབྲས་བུ་འདོགས་ཐུབ་པའི་འགན་ལེན་བྱ་ཆེད། 2021ལོར་མེ་ཏོག་རྫོང་གིས་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་ཀྲེ་ཅང་སློབ་ཆེན་ཡུས་ཅིང་ཆོན་ཡོན་ཧྲི་ཚོགས་པ་སོགས་དང་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཡི་གེ་བཞག་སྟེ། མེ་ཏོག་རྫོང་གི་ཚ་ཁུལ་ཕལ་པའི་དཔལ་འབྱོར་ཤིང་འབྲས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིགས་གཅིག་མཁས་པའི་ལས་དོན་ས་ཚིགས་བཙུགས་པ་མ་ཟད། ད་དུང་མེ་ཏོག་རྫོང་གིས་ས་གནས་དེ་གའི་ཤིང་འབྲས་ཕི་ཕ་འདེབས་འཛུགས་ཀྱི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱས་ནས་མང་ཚོགས་ཀྱིས་ཤིང་འབྲས་ཕི་ཕ་དངོས་འབྲེལ་ཡག་པོ་འཛུགས་ཐུབ་པར་བྱས་ཤིང་། ད་ཆ་མང་ཚོགས་མི་ཉུང་བ་ཞིག་གིས་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ཡོད།

    འདི་ལོ་མེ་ཏོག་རྫོང་གིས་མ་དངུལ་སྒོར་ཁྲི་2200བཏང་ནས་ཇ་ལོ་དང་ཤིང་འབྲས་མུའུ་4000སྣོལ་འདེབས་དང་། ཕི་ཕ་དཀར་པོ་སྡོང་རྐང་ཁྲི་4འདེབས་འཛུགས། ཤིང་འབྲས་ཕི་ཕ་ཡི་ཆ་འཕྲིན་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་ཀྱི་དོ་དམ་ལ་སྐུལ་འདེད་གཏོང་བ། མེ་ཏོག་གི་གྲངས་འཛིན་ཤིང་འབྲས་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ། ཤིང་འབྲས་ཕི་ཕ་ཡི་འབྲས་ལོ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་རྫས་སྣེ་མང་ཅན་དུ་འགྱུར་བ་བཅས་བྱས་ནས། ཤིང་འབྲས་ཕི་ཕ་དེ་ཉིད་མེ་ཏོག་རྫོང་གི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི“གསེར་འབྲས”ལ་འགྱུར་བར་བྱ་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།