ཐོན་ལས་དར་རྒྱས་ལས་ཀའི་ངར་ཤུགས་འཕེལ། འབབ་འཕར་ཕྱུག་འགྱུར་འཚོ་བ་མཛེས་སྡུག་ལྡན།
—— རང་ལྗོངས་ཀྱིས་ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
“མིག་སྔར་ང་ཚོའི་ཁྱིམ་གྱིས་ཞིང་འབྲོག་སྐྱེལ་འདྲེན་ལས་རིགས་གཙོ་བོར་བྱས་པའི་ཁར་འདེབས་འཛུགས་གསོ་ཚགས་དང་། ས་ཞིང་ནང་བཤུག ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཁེ་སྤོགས་བགོ་བ་སོགས་ཀྱི་ཡོང་འབབ་བརྩིས་ཚེ་ཁྱིམ་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི་30ཟིན་གྱི་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཟླ་བ་རྒྱལ་མཚན་གྱིས་བརྗོད་པ་དང་། ད་ལྟའི་འཚོ་བའི་སྐོར་གླེང་སྐབས་ཁོང་གི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འདུག
ཀ་ལ་གྲོང་ཚོས་ཐོན་ལས་དར་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་མ་དངུལ་སྒོར་ཁྲི་1400བཏང་སྟེ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་ཁྱིམ་ཚང་མགྲོན་ཁང་3རིམ་སྤོར་སྒྱུར་བཀོད་བྱས་པ་དང“ཁམ་བུའི་མེ་ཏོག་ལྡུམ་རའི”མཛེས་ལྗོངས་ཁུལ་བཏོད་ནས་མང་ཚོགས་ལ“སྐྱེ་ཁམས་ཡོང་འབབ”རག་ཐབས་བྱས་ཏེ་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད། 2022ལོར། ཀ་ལ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1206.1ཟིན་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.59ཟིན་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་2.8ཀྱིས་མཐོ་བ་ཡོད་པ་རེད།
“དེ་སྔ་བེའུ་མགོ་གྲོང་ཚོར་ས་ཞིང་འདེབས་ཁག་པོ་ཡོད་པས་ཡུལ་མི་མང་པོ་ཞིག་ཡུལ་གཞན་དུ་གནས་སྤོས་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་རྗེས་ས་ཞིང་ཁོད་སྙོམས་པ་དང་། ས་རྒྱུ་གཤིན་པ། ཞིང་ཆུ་འདྲེན་བདེ་བ། ཞིང་འཕྲུལ་འགྲོ་བདེ་བ་བཅས་བྱུང་བས་ཕྱིར་གླ་པ་རྒྱུག་མཁན་ཡུལ་མི་ཁག་གཅིག་ཕ་ཡུལ་དུ་ས་ཞིང་འདེབས་པར་ལོག་ཡོད། ཞིང་བྲེལ་སྐབས་ཞིང་ལས་བྱེད་པ་དང་ཞིང་དལ་སྐབས་གླ་པ་རྒྱུག་པས་ང་ཚོར་འབབ་འཕར་ཉིས་བརྩེགས་བྱུང་ནས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བྱུང་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་བེའུ་མགོ་གྲོང་ཚོའི་ཡུལ་མི་ཚེ་རིང་རྣམ་རྒྱལ་གྱིས་བརྗོད།
འདི་ལོའི་ཟླ་གཉིས་པར་འཚོགས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུར་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་མང་དུ་གཏོང་དགོས་ཞེས་བསྟན་ཡོད། “རྫོང་གཅིག་ལ་ལས་རིགས་གཅིག”གི་རྫོང་སྟོབས་ཆེར་གཏོང་བའི་དམངས་ཕྱུག་འདུ་འགོད་ལག་ལེན་བསྟར་ནས་ཡུལ་བབ་དང་བསྟུན་ནས་ཞིང་ལས་རྫོང་ཆེན་དང་། འབྲོག་ལས་རྫོང་སྟོབས་ཆེན། ཡུལ་སྐོར་རྫོང་གྲགས་ཅན་བཅས་བཏོད་དེ་དགེ་མཚན་ཆེ་རིགས་དང་སྣེ་ཁྲིད་ནུས་པ་ཆེ་བའི་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་པ་རེད།
ཧི་མ་ལ་ཡའི་ལྷོ་འདབས་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་དུ་ཆགས་པའི་མེ་ཏོག་རྫོང་གིས་ཐོན་ཁུངས་འབེལ་བ་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔར་མེ་ཏོག་རྫོང་དུ་ཚད་གཞི་མཐོ་བའི་རི་མཐོའི་སྐྱེ་ལྡན་ཇ་ཞིང་103བསྐྲུན་པ་དང་། 2017ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་ཇ་ལོ་རྒྱ་མ་ཁྲི་135.23བཏུས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་3500ལྷག་ཙམ་བྱུང་ཡོད་པ་རེད། གཞན་ཡང་། ད་དུང་མེ་ཏོག་རྫོང་གིས་ཤིང་འབྲས་དང་། ཤ་མོ། སྨན་རྩྭ། བྱ་རིགས། སྦྲང་ནོར་བུ་སོགས་མཚོན་བྱེད་དུ་བྱས་པའི་ནགས་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། 2022ལོར་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་314ལྷག་ཙམ་བྱུང་ནས་སྐྱེ་ཁམས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་དམངས་ཕན་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ལས་མི་ཚོ་ཁ་གདན་འཐག་པ་དང་། བོད་ཆས་འཚེམ་པ། བོད་རུམ་འཐག་པ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད་ཅིང་། “ལས་ཀ་འདི་ནས་ང་ལ་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ལེན་རྒྱུ་ཡོད་པ་མ་ཟད། ནང་མིར་ལྟ་རྟོག་བྱེད་བདེ་བས་གྲོང་ཁྱེར་དུ་ལས་ཀ་བྱེད་པ་ལས་ཡག་པ་འདུག”ཅེས་མཉམ་ལས་ཁང་གི་ལས་མི་མིག་དམར་གྱིས་ལས་ཀ་བྱེད་ཞོར་དུ་སེམས་འགུལ་ཆེན་པོས་དེ་ལྟར་བརྗོད།
ཉེ་བའི་ལོ་ཤས་རིང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཕྱུག་འགྱུར་ལམ་བུར་བསྐྱོད་ནས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།