དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་མགྱོགས་པོ་ཡོང་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-17

    གླེང་གཞི།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནས་དང་། འབྲི་གཡག བོད་ལུག བོད་ཕག བོད་བྱ་སོགས་ཁྱད་ལྡན་ཐོན་ཁུངས་ལ་དམིགས་པ་དང་ཡུལ་བབ་དང་བསྟུན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ལྷ་སའི་སྙེ་མོ།

    སྤོས་ཀྱི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་གཏོད།

    སྙེ་མོ་རྫོང་གི་ཐོན་པའི་སྤོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། སྤོས་ཀྱི་ཐོན་ལས་ནི་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཁྱད་ལྡན་ཐོན་ལས་ལ་གྱུར་ཡོད།

    སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོའི་ཚེ་རིང་རྡོ་རྗེའི་ཁྱིམ་དུ་སླེབས་སྐབས་ཁང་པའི་ནང་ནས་སྤོས་ཀྱི་དྲི་ཞིམ་ལམ་ལམ་དུ་འཐུལ་ཞིང་། ཚེ་རིང་རྡོ་རྗེ་དང་ཁོང་གི་བཟའ་ཟླས་རང་ཉིད་ཀྱིས་བཟོས་པའི་སྤོས་ལ་ཐུམ་སྒྲིལ་རྒྱག་བཞིན་མཆིས། ཚེ་རིང་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། རང་ཁྱིམ་དུ་སྤོས་བཟོས་ནས་ལོ་30ལྷག་ཙམ་སོང་བ་དང་། དང་ཐོག་རང་ཁྱིམ་གྱི་དགོས་མཁོར་དམིགས་ནས་སྤོས་བཟོ་འགོ་ཚུགས་པ་ཡིན་ཡང་། ད་ཆ་སྤོས་ནི་ཁྱིམ་གྱི་ཕྱུག་འགྱུར་ལམ་བུ་ཞིག་ཏུ་གྱུར་ཡོད་ལ། འཚོང་གཉེར་གྱི་ལམ་བུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཁྱབ་ཡོད།

    “ངའི་ཁྱིམ་གྱི་སྤོས་གཙོ་བོ་དྲ་ཐོག་ནས་འཚོང་གི་ཡོད། དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་ཀྱིས་70%ཟིན་ཡོད། དྲ་ཐོག་ནས་སྡེབ་ཚོང་དང་སིལ་ཚོང་ཡང་བྱེད་ཀྱི་ཡོད”ཚེ་རིང་རྡོ་རྗེས་ད་ཆ་སྡེབ་ཚོང་མཁན་དང་མཉམ་ལས་བྱས་ཏེ། ཐའོ་པའོ་དང་། ཐེན་མའོ། ཕིང་ཏོའོ་ཏོའོ་སོགས་ཀྱི་ལས་སྟེགས་བརྒྱུད་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ཟླ་རེར་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཙམ་ཟིན་གྱི་འདུག་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གི་རོགས་སྐྱོར་འོག་ཚེ་རིང་རྡོ་རྗེས་སྤོས་བཟོ་བའི་རམ་འདེགས་འཕྲུལ་འཁོར་ཉོས་ནས་སྤོས་ཀྱི་མ་བཅོས་རྒྱུ་ཆའི་སྤུས་ཚད་ལ་འགྱུར་བ་མི་གཏོང་བའི་རྨང་གཞིའི་ཐོག་ཐོན་ཚད་མང་དུ་བཏང་ཡོད། “འདི་ལོ་སྤོས་དེ་བས་མང་བ་ཕྱིར་ཚོང་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་ཡོད། མེས་པོའི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་ཡག་པོ་བྱེད་རྒྱུ་མ་ཟད། འཛད་སྤྱོད་པ་བློ་ཡིད་ཚིམ་པའི་རྒྱུ་ཆ་སྤུས་དག་གི་སྤོས་ཐོན་སྐྱེད་བྱེད་ངེས་ཡིན”ཞེས་ཚེ་རིང་རྡོ་རྗེས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    2008ལོའི་ཟླ་6པར་སྤོས་བཟོ་བའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། སྙེ་མོའི་སྤོས་ནི་དེ་བས་ཀྱང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲས་ལ་གྱུར་ཡོད། ཐོན་པ་གྲོང་རྡལ་དུ་སྤོས་བཟོ་མཁན་གྱི་དུད་ཚང་མང་བ་དང་། གཞི་ཁྱོན་ཆུང་བ། ཐོན་སྐྱེད་གཉེར་སྐྱོང་ཟང་ཟིང་ཆེ་བ་བཅས་ཀྱི་གནད་དོན་ཡོད་པས་སྙེ་མོའི་སྤོས་ཀྱི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཐོན་པ་གྲོང་རྡལ་གྱིས་ཚད་གཞི་དང་མཐུན་པའི་ཁྱིམ་ཚང་བཟོ་ཁང་ནས་རིམ་བཞིན་མཉམ་ལས་ཁང་དང་ཀུང་སིར་ཁ་ཕྱོགས་བསྒྱུར་རྒྱུའི་ལས་དོན་ཧུར་ཐག་སྤེལ་ནས“ཀུང་སི་དང་ཞིང་དུད་ཟུང་དུ་འབྲེལ་བའི”འཁོར་རྒྱུག་བྱེད་སྟངས་སྤྱད་དེ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་གྱིས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། སྙེ་མོ་ཐོན་པའི་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སི་ནི་གཉེར་སྐྱོང་བྱེད་སྟངས་འདི་བརྒྱུད་བཙུགས་པའི་ཀུང་སི་ཞིག་རེད།

    2016ལོ་ནས་བཟུང་ཀུང་སི་དེས“ཏང་ཀྲི་པུའུ་དང་། ཀུང་སི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་བརྒྱུད་མ་རྐང་ལམ་ལུགས་ཀྱི་རང་བརྟེན་གཉེར་སྐྱོང་ལག་ལེན་བསྟར་ནས་མང་ཚོགས་སྤོས་ཐོན་སྐྱེད་ནང་ཞུགས་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་ཧུར་ཐག་བཏང་བས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད།

    “2022ལོར་ཀུང་སིས་དུད་ཚང་36གི་མི་246ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཤིང་། འདི་ལོ་ང་ཚོས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་མུ་མཐུད་སྣེ་ཁྲིད་ནས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཞེས་སྙེ་མོ་ཐོན་པའི་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕུར་བུ་ཚེ་རིང་གིས་བཤད།

    བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྙེ་མོའི་སྤོས་ནི་འཛད་སྤྱོད་པ་མང་པོ་ཞིག་གིས་ཐོག་མར་གདམ་ག་བྱེད་པའི་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། སྙེ་མོ་ཐོན་པའི་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སིས་ཀྱང་རིག་གནས་བསམ་བཀོད་ཐོན་རྫས་དང་ཉམས་ལེན་ཁྲོམ་རར་དམིགས་ནས་སྤོས་ཀྱི་རིག་གནས་ཁྱབ་སྤེལ་བྱེད་སྟངས་གསར་པ་སྤྱད་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད།

    “ཀུང་སིས་ཐོན་སྐྱེད་བྱས་པའི་སྤོས་སྣ་ཁ་30ལྷག་ཙམ་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ། ཁྲོམ་རར་ཡང་བྲིན་ཁ་རྒྱུག་པོ་ཡོད”ཅེས་ཕུར་བུ་ཚེ་རིང་གིས་བཤད་པ་དང་། ཁོང་གིས། གོམ་སྟབས་རྗེས་མར་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྒྱུར་འབད་བརྩོན་བྱས་ནས་སྤོས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    གཞིས་རྩེའི་རྒྱལ་རྩེ།

    ཚན་རྩལ་ལ་བརྟེན་ནས་ནས་ལོ་ལེགས་ཡོང་བར་རམ་འདེགས་བྱས་པ།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོའི་ཞིང་འཕྲུལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ནས་ལེགས་འདེམས་འཕྲུལ་འཁོར་གཉིས་ཀྱིས་ཚ་ཚ་འུར་འུར་ངང་སོན་བཟང་འཚག་འདེམས་དང་འབྲུ་ལྤགས་བཤུ་བ་སོགས་བྱེད་བཞིན་ཡོད་པ་དང་། རྒྱ་མ་50ཅན་གྱི་ནས་སོན་དོ་པོ་སྒོ་ར་ཕྱེད་ཀ་ཙམ་ཡོད།

    ལོ་38ལ་སླེབས་པའི་ནུབ་སྟོད་གྲོང་ཚོའི་གྲོང་མི་ཟླ་བ་བསྟན་འཛིན་ལ་ན་ནིང་ནས་སོན་ཐོན་འབབ་སྤྱི་རྒྱ་ཁྲི་1.5བྱུང་བ་དང་ཁོང་ནི་གྲོང་ཚོའི་འབྲུ་འདེབས་དུད་ཆེན་ཞིག་རེད། ས་ཞིང་ལོ་20ལྷག་ཙམ་བཏབ་པའི་ཁོང་གིས་མུའུ་རེ་ནས་ནས་སྤྱི་རྒྱ་ཉིས་བརྒྱ་སུམ་བརྒྱ་ཐོན་པ་ནས་སྤྱི་རྒྱ་ལྔ་བརྒྱ་ལྷག་ཙམ་བྱུང་བའི་བར་གྱི་འཕེལ་རྒྱས་ལ་དཔང་པོ་བྱས་ཡོད།

    “དེ་དག་ནི་ཐོན་འབབ་མཐོ་བའི་ནས་ཀྱི་སོན་བཟང་དང་ཞིང་ལས་ཚན་རྩལ་མི་སྣའི་ཞིབ་ཕྲའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད་ལ། མཉམ་ལས་ཁང་གིས་ཀྱང་ནུས་པ་བཏོན་པ་ནི་སྨོས་མི་དགོས་པ་ཞིག་རེད”ཅེས་ཟླ་བ་བསྟན་འཛིན་གྱིས་བཤད།

    ནུབ་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ལྕག་སྐུལ་བྱ་ཆེད། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྤྲད་ཡོད། མིག་སྔར་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་དུ་ཞིང་རྨོ་འཕྲུལ་འཁོར་དང་། སོན་འདེབས་འཕྲུལ་འཁོར། བརྔ་བསྡུ་འཕྲུལ་འཁོར་སོགས་ཞིང་འཕྲུལ་སྒྲིག་ཆས་ཆེ་གྲས་30ལྷག་ཙམ་ཡོད་པ་དེ་དག་གིས་གྲོང་མིར་རྨོ་འདེབས་བརྔ་གསུམ་གྱི་ཞབས་འདེགས་ཞུ་ཡི་ཡོད།

    “སྔོན་ཆད་བརྔ་བསྡུ་བྱེད་པར་མ་མཐར་ཡང་ཟླ་བ་གཅིག་འགོར་གྱི་ཡོད། ད་ཆ་བརྔ་བསྡུ་འཕྲུལ་འཁོར་གྱིས་ཉིན་ཁ་ཤས་ནང་བརྔ་ཐུབ། གྲོང་མི་ཚོས་ད་དུང་མུའུ་རེ་ནས་སོན་བཟང་ཁྱབ་གདལ་ཁ་གསབ་སྒོར་112ལེན་ཆོག་པས་རྒྱལ་ཁབ་ཀྱིས་སོན་བཟང་སྟེར་བ་དང་གཅིག་པ་རེད། གྲོང་ཚོ་དེ་ཡོངས་སུ་ཁྱོན་དུད་ཚང་125ལ་ས་ཞིང་མུའུ་3511ཡོད་པའི་ནང་མུའུ་2700ལ་ནས་བཏབ་པར་ན་ནིང་ཐོན་འབབ་ཏུན་1012བྱུང་ཡོད”ཅེས་རྒྱལ་མཚན་གྱིས་བཤད།

    མིག་སྔར་ཐོན་འབབ་མཐོ་ཤོས་ཡིན་པའི་ནས་སོན“ཧི་མ་ལ་ཡ་ཨང་22”ཀྱི་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་400ལས་བརྒལ་གྱི་ཡོད། ལེགས་འདེམས་བྱས་པའི་རིམ་པ་དང་པོའི་ནས་སོན་དེར་སྤྱི་རྒྱ་རེར་སྒོར་1.6དང་དེ་ལས་མཐོ་བ་རག་གི་ཡོད།

    རྒྱལ་རྩེ་རྫོང་གི་2023ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ནས་ཀྱི་ཐོན་ནུས་མཐོར་གཏོང་བྱ་སྤྱོད”དེ། ཚད་གཞི་མཐོ་བའི་ས་ཞིང་མུ་མཐུད་མགྱོགས་མྱུར་བསྐྲུན་ཏེ་ནས་སོན་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་15ཡན་བརྟན་པོ་ཡོང་བར་བྱེད་པ་དང་། ནས་ལས་སྣོན་རགས་ཙམ་བྱེད་ཚད་ཏུན་ཁྲི་ཡན་ཟིན་དགོས་ལུགས་བཏོན་ཡོད།

    དེ་སྔ་གྲོང་མི་ཚོར་ཐོན་འབབ་བྱུང་བའི་ནས་མང་ཆེ་བ་རང་མཁོ་རང་སྤྲོད་ཡིན་པ་རེད། ད་ཆ་བོད་ཀྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་སྲིད་ཇུས་ཀྱི་སྐུལ་འདེད་འོག་ནས་ཆང་དང་། ནས་ཀྱི་ཐུག་པ། ནས་ཀྱི་བག་ལེབ། ནས་ཞོ་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་གསར་པས་ས་གནས་དེ་གའི་མི་སེར་ལ་ཡོང་འབབ་དེ་བས་མང་བ་ཡོང་གི་ཡོད།

    བོད་ལྗོངས་བསམ་བསྟན་སྒང་ནས་ཆང་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལེའོ་ཁྲང་ཧྲེང་ཉེ་ཆར་བསྐྲུན་ཟིན་ལ་ཉེ་བའི་ནས་ཀྱི་སྦི་རག་ཐོན་སྐྱེད་བྱ་ཡུལ་དུ་བྲེལ་འཚུབ་ཆེན་པོས་ལས་ཀ་བྱེད་བཞིན་ཡོད། ཁོང་གིས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་རེར་ཏུན་10000ཐོན་སྐྱེད་ཐུབ་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་8400ཡོང་རྒྱུ་རེད་ཅེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། བསམ་བསྟན་སྒང་ནས་ཆང་ཀུང་སི་2020ལོར་རྒྱལ་རྩེར་བཅའ་སྡོད་བྱས་པ་ནས་བཟུང་ཁྲོམ་རའི་རིན་གོང་ལས་སྤྱི་རྒྱ་རེར་སྒོར་1.2ཀྱིས་མཐོ་བའི་རིན་གོང་ཐོག་ནས་རིམ་རྩིས་བྱས་ན་ས་གནས་དེ་གའི་ནས་ཏུན་2310ཉོ་སྒྲུབ་བྱས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་1108བྱུང་བ་མ་ཟད། ད་དུང་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་དང་དེ་བཞིན་མཐོ་རིམ་ཆེད་ལས་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་ཡོད།

    ཆབ་མདོའི་སྨར་ཁམས།

    སྦྲང་ནོར་བུ་གསོས་ནས་ཐོན་ལས་འཕེལ་རྒྱས་བཏང་བ།

    གྲོང་གསེབ་དར་རྒྱས་ཡོང་བར་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་བ་ལྟར་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ལ་རྒྱབ་ཤོད་གྲོང་ཚོའི་ཡུལ་མི་ཚོས་སྦྲང་གསོའི་རྟེན་གཞིར་བརྟེན་ནས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་བསྣན་ཡོད།

    སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། ལ་རྒྱབ་ཤོད་གྲོང་ཚོར་ཡོད་པའི་མཉམ་ལས་ཁང་གི་སྦྲང་གསོའི་རྟེན་གཞིའི་དོ་དམ་པ་བསྟན་པ་དུས་རྒྱུན་ལྟར་རི་སྐེད་ལ་ཡོད་པའི་སྦྲང་གསོའི་རྟེན་གཞིར་བསྐྱོད་དེ་སྦྲང་སྒམ་རེ་རེར་ཞིབ་ཚགས་ངང་བལྟས་ཤིང་། སྦྲང་གསོའི་རྟེན་གཞིར་སྦྲང་སྒམ་150ལྷག་ཙམ་ཡོད་པ་དེ་དག་ནི་བསྟན་པས་རང་ཉིད་ཀྱི་གཡང་ནོར་ལྟ་བུར་བརྩི་གི་ཡོད།

    ལ་རྒྱབ་ཤོད་གྲོང་ཚོ་ནི་ས་བབ་མཐོ་ཚད་སྨི་2300ནས་3000ཙམ་ལ་གནས་ཤིང་། དུས་བཞིའི་དབྱེ་བ་གསལ་ལ་རི་ལྡེབས་དང་ཞིང་ནང་དུ་མེ་ཏོག་དང་རྩི་ཤིང་གི་ཡལ་འདབ་རྒྱས་ནས་སྦྲང་རྩིའི་ཐོན་ཁུངས་སུ་གྱུར་ལ། སྔོན་ཡུལ་མི་ཚོས་སྦྲང་ནོར་བུ་གསོ་ཚགས་བྱེད་པ་མ་ཟད་སྦྲང་རྩི་ཕྱིར་འཚོང་བྱས་པ་དེས་ལ་རྒྱབ་ཤོད་གྲོང་ཚོའི་སྦྲང་ནོར་བུ་གསོ་ཚགས་དང་སྦྲང་རྩི་ལས་སྣོན་ཕྱིར་ཚོང་གི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྔོན་འགྲོའི་ཆ་རྐྱེན་བཟང་པོ་བཏོད་ཡོད།

    2021ལོའི་ཟླ་བརྒྱད་པར། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ལག་རྩལ་པ་ལ་རྒྱབ་ཤོད་གྲོང་ཚོར་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་བྱེད་སྐབས། ལ་རྒྱབ་ཤོད་གྲོང་ཚོས་སྦྲང་ནོར་བུ་གསོ་ཚགས་དང་སྦྲང་རྩི་ལས་སྣོན་ཕྱིར་ཚོང་གི་ཐོན་ལས་ལག་ལེན་དང་འཚོལ་ཞིབ་བྱས་ན་ཡག་པོ་ཡོད་པའི་གྲོས་འགོ་བཏོན་ཞིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཡུལ་མིའི་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་ཏེ་གཞི་ཁྱོན་ཅན་གྱི་སྦྲང་ནོར་བུ་གསོ་ཚགས་དང་སྦྲང་རྩི་ལས་སྣོན་ཕྱིར་ཚོང་ཚོད་ལྟ་བྱ་རྒྱུར་ཚང་མའི་མོས་མཐུན་གཅིག་མཐུན་བྱུང་བ་རེད།

    2022ལོའི་ཟླ་བཞི་པར་རྣམ་གྲངས་དེར་ཆོག་མཆན་ཐོབ་ནས་རྣམ་གྲངས་འཕེལ་རྒྱས་གཏོང་བའི་མ་དངུལ་བྱུང་རྗེས་འཕྲལ་དུ་གྲབས་འཛུགས་བྱེད་འགོ་བརྩམས་ཤིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྔོན་ལ་ཉེ་འཁོར་གྲོང་ཚོ་དང་གྲོང་རྡལ་ནས་སྦྲང་ནོར་བུ་བླུགས་པའི་སྒམ་18ཉོས་པའི་ཁར་སྒོར་ཁྲི་13བཏང་ནས་རྒྱུ་ཆ་གཞན་ཉོས་པ་དང་། གྲོང་ཚོའི་ལས་བྱེད་པས་ལས་ཀ་བགོས་པ་དང་གཞོགས་འདེགས་བྱས་ཏེ་སྦྲང་སྒམ་ཇུས་འགོད་ཀྱི་བླང་བྱ་ལྟར་སྦྲང་སྒམ་303མགྱོགས་མྱུར་བཟོས་པ་མ་ཟད། “མཉམ་སྡེབ་གསོ་ཚགས་དང་དུད་ཚང་གསོ་ཚགས་ཟུང་དུ་འབྲེལ་བའི”ལས་གཉེར་བྱེད་སྟངས་ལ་བརྟེན་ནས་ལས་འགོ་ཚུགས་པ་རེད།

    ལ་རྒྱབ་ཤོད་གྲོང་ཚོའི་སྦྲང་རྩིའི་སྤུས་རྟགས་སྔར་བས་ཡག་པོ་ཞིག་གཏོད་ཆེད། གྲོང་ཚོའི་མཉམ་ལས་ཁང་གིས་ཁྲོམ་རའི་གཅིག་གྱུར་རིན་གོང་ལྟར་མཉམ་སྡེབ་ཀྱི་སྦྲང་གསོའི་རྟེན་གཞི་དང་སྦྲང་གསོ་བྱེད་མཁན་ས་ནས་ཚད་ལོན་སྦྲང་རྩི་ཉོས་པ་དང་། དེ་ནས་གྲོང་ཚོའི་མཉམ་ལས་ཁང་གིས་གཅིག་གྱུར་ལས་སྣོན་ཐུམ་སྒྲིལ་བརྒྱབ་ནས་ཕྱིར་འཚོང་བྱས་པ་རེད།

    “གྲོང་ཚོའི་མཉམ་ལས་ཁང་གིས་སྦྲང་རྩི་བཙོངས་པའི་ཁེ་བཟང་གི་70%ཡུལ་མིར་བགོ་འགྲེམས་རྒྱག་པ་དང་། 15%གྲོང་ཚོ་རིམ་པའི་ལས་གཉེར་འཁོར་རྒྱུག་ལ་གཏོང་བ། 15%ཕྱུག་འགྱུར་སྣེ་འཁྲིད་མཁན་ལ་བྱ་དགར་སྤྲོད་རྒྱུར་གཏོང་རྩིས་ཡོད། གོམ་སྟབས་རྗེས་མར། སྦྲང་ནོར་བུ་གསོ་ཚགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་དང་སྦྲང་རྩིའི་ཐོན་ཚད་མང་དུ་བཏང་བ་དང་ཚོང་ལམ་བཤངས་བའི་ཐོག་ཡུལ་མི་སྣེ་ཁྲིད་བྱས་ཏེ་སྔར་བས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་ཡིན”ཞེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།

    དེ་ནི་རང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད། ཞིང་འབྲོག་པར་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་མཚོན་ཚུལ་ཙམ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་སྣེ་འདྲེན་ཁེ་ལས་རེ་ཞུ་གཏན་འཁེལ་དང་། ཞིང་འབྲོག་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བ། ཁྱིམ་ཚང་འབྲོག་ར་དཔེ་སྟོན་སྐྱེད་སྲིང་སོགས་ཀྱི་ལས་དོན་བསྒྲུབས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་ཟམ་མི་ཆད་པར་མང་དུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པར་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེན་པོ་ཡོང་བར་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།