མེ་ཏོག་རྫོང་དགའ་ལྡན་གྲོང་ཚོས་ཀོ་ཤ་ཐོན་ལས་སྐྱེད་སྲིང་བྱས་ནས་ཞིང་དུད་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།
ཀོ་ཤ་ལས་ཕྱུག་འགྱུར་མེ་ཏོག་བཞད།
ཆར་པ་བབས་རྗེས་མེ་ཏོག་རྫོང་དགའ་ལྡན་ཤང་དགའ་ལྡན་གྲོང་ཚོའི་ཀོ་ཤ་འདེབས་འཛུགས་རྟེན་གཞིའི་ནང་ཀོ་ཤ་སྐྱེ་འཚར་བཟང་ལ་ཁ་མདོག་ལེགས་ཤིང་། ཆར་གདུགས་ཆུང་ཆུང་ཞིག་དང་འདྲ། ཀོ་ཤ་འདེབས་གསོ་བྱ་རྒྱུ་དེ་ལས་སླ་པོ་ཞིག་གཏན་ནས་མིན། གྲོང་མི་ཚོས་ཕྲུ་གུར་ལྟ་རྟོག་བྱེད་པ་ལྟར་ཞིབ་ཚགས་པོ་བྱེད་དགོས་ཀྱི་ཡོད། ཀོ་ཤའི་ས་བོན་འདེམས་གསོ་དང་། འདེབས་གསོ་གཡོག་བྱེད། སྔོག་འཐུ་སྐམ་བཟོ་ལ་སོགས་ལས་རིམ་བཅུ་གྲངས་བརྒྱུད་རྗེས་གཞི་ནས་སྤུས་ལེགས་ཀྱི་ཀོ་ཤ་གྲུབ་ཀྱི་ཡོད།
ཟླ་ཤས་གོང་། དགའ་ལྡན་གྲོང་ཚོའི་ཀོ་ཤ་ཐེངས་དང་པོ་སྔོག་འཐུ་བྱས་པར་འཐུ་ཚད་རྒྱ་མ་9000ལྷག་ཙམ་ཟིན་ཡོད། ཉེ་ཆར། ཀོ་ཤ་ཁག་གཅིག་འཐུ་རན་གྲབས་ཡོད་པས་གྲོང་མི་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་འབྱུང་འགྱུར་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས། “ང་ཚོའི་གྲོང་ཚོར་དེ་སྔ་ཡོང་འབབ་ཀྱི་ཡོང་ཁུངས་མང་པོ་མེད། ད་ཆ་གྲོང་ཚོའི་ནང་ཀོ་ཤ་བཏབ་པ་དང་ཐོན་ལས་རྣམ་གྲངས་གཞན་དག་འཕེལ་རྒྱས་བཏང་བས་ཚང་མའི་ཡོང་འབབ་མང་དུ་ཕྱིན་པ་དང་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད”ཅེས་དགའ་ལྡན་གྲོང་ཚོའི་གྲོང་མི་རིག་འཛིན་མཚོ་མོས་བཤད།
དགའ་ལྡན་གྲོང་ཚོའི་ཀོ་ཤ་འདེབས་འཛུགས་གདོད་མའི་རྣམ་པའི་ནགས་ཁྲོད་འདེབས་འཛུགས་བྱེད་སྟངས་སྤྱད་པ་དེ་སྒྲིག་བཀོད་འདེབས་འཛུགས་དང་བསྡུར་ན་མ་འཇོག་ཉུང་བ་དང་། སྤུས་ཚད་ལེགས་པ། ཕན་འབྲས་བཟང་བ་བཅས་ཡོད། གྲོང་མིས་ཀོ་ཤ་ཡག་པོ་འདེབས་པ་དང་བྲིན་ཐུབ་པར་བྱ་ཆེད། དགའ་ལྡན་ཤང་གིས་དཀའ་ལས་མང་པོ་བརྒྱབ་ཡོད།
“དགའ་ལྡན་གྲོང་ཚོའི་ཀོ་ཤ་འདེབས་འཛུགས་རྣམ་གྲངས་ནི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཤིག་ཡིན་པ་དང་ས་ཆ་བཟུང་ཚད་མུའུ་170ལྷག་ཙམ་ཟིན་ཞིང་། 2022ལོའི་ཟླ་10པ་ནས་བཟུང་། ཀོ་ཤ་ཁག་དང་པོ་འདེབས་འཛུགས་བྱས་ཡོད། ང་ཚོས་སྔ་རྗེས་སུ་མི་སྣ་ཁག་གསུམ་ས་ཆ་གཞན་དུ་ལག་རྩལ་སྦྱོང་བར་བཏང་བ་དང་དུས་མཚུངས་ད་དུང་ལག་རྩལ་མི་སྣ་གདན་དྲངས་ཏེ་འདེབས་འཛུགས་དང་སྔོག་འཐུའི་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་མཛུབ་ཁྲིད་བྱས་པ་ཡིན། མིག་སྔར་ཀོ་ཤ་འདེབས་འཛུགས་རྣམ་གྲངས་ལས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་36བྱུང་ཡོད”ཅེས་དགའ་ལྡན་ཤང་ཏང་ཨུད་ཀྱི་ཨུ་ཡོན་དང་ཤང་ཀྲང་གཞོན་པ་ཕུན་ཚོགས་རྣམ་རྒྱལ་གྱིས་གསར་འགོད་པར་བཤད་པ་རེད།