དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • རྨ་བྱ་སྔོན་མོ་མཛེས་སེ་མཛེས། གཞོན་ནུའི་ཕུགས་བསམ་ཡངས་སེ་ཡངས།

    ལྷོ་ཁ་ལྷུན་རྩེ་རྫོང་མདོ་ཡུལ་ཤང་གི་རྨ་བྱ་སྔོན་མོ་གསོ་སྤེལ་ལྟེ་གནས་ཀྱི་འགན་འཛིན་ཚུལ་ཁྲིམས་བསྟན་འཛིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཟླ་བ་ཚེ་རིང་། དཀོན་མཆོག་སྒྲོལ་མ། བསོད་ནམས་ཆོས་སྒྲོན།   |     སྤེལ་དུས།  2023-07-25

    རྨ་བྱ་སྔོན་མོ་གསོ་སྤེལ་ལྟེ་གནས་ཀྱི་འགན་འཛིན་ཚུལ་ཁྲིམས་བསྟན་འཛིན།

    དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    ལྷོ་ཁ་ལྷུན་རྩེ་རྫོང་ནས་ཁོད་སྙོམ་པའི་གཞུང་ལམ་ཀྱག་ཀྱོག་བརྒྱུད་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཅིག་ཙམ་བསྐྱོད་ན། ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་དུ་འབྱོར། ང་ཚོ་དེ་གར་འབྱོར་མ་ཐག་མཉམ་ལས་ཁང་གི་འགན་འཛིན་ཚུལ་ཁྲིམས་བསྟན་འཛིན་གྱིས་སྒོ་འགྲམ་དུ་ང་ཚོར་བསུ་བ་ཞུས་བྱུང་། འཚམས་འདྲི་དང་བཅས་ཅི་འཕྲོས་མོལ་འཕྲོས་ཀྱི་ཞོར་ལ་མཉམ་ལས་ཁང་དུ་འཛུལ་བ་ཡིན།

    ལོ་27ལ་སླེབས་པའི་ཚུལ་ཁྲིམས་བསྟན་འཛིན་ནི་ཞོལ་གསར་ཤང་རི་གཟར་གྲོང་ཚོ་ནས་ཡིན་པ་དང་། དེ་གར་ས་བབ་མཐོ་ལ། ལུང་པ་ཁ་དབྲག་དོག་ཅིང་། ཐོན་ཁུངས་ཞན་པས་རྫོང་གི་གཅིག་གྱུར་བཀོད་སྒྲིག་འོག་མདོ་ཡུལ་ཤང་མདོ་ཡུལ་གྲོང་ཚོར་སྤོས་པ་རེད། ཁོང་ནི་ཤ་རིད་ལ་ངོ་ཚ་སྨིན་པ་དང་། སྐད་གདངས་དམའ་བའི་གཞོན་སྐྱེས་ཤིག་རེད། དེ་ལྟ་ནའང་བྱ་གཞག་གཏོད་པའི་སྐོར་དྲིས་ན་མིག་འབྲས་ཧྲིག་ཧྲིག་ཏུ་གཡོ་བཞིན་གྲུང་ཤ་དོད་ལ། ངག་གི་འདབ་མ་ནས་སྐད་ཆའི་ཆུ་ཐིགས་འཛད་མེད་དུ་ཟགས་ནས། རྨ་བྱ་གསོས་པའི་སྐོར་གཅིག་རྗེས་གཉིས་མཐུད་ངང་ཤོད་ཀྱི་འདུག

    འདི་ནི་གྲོང་ཚོའི་ཡུལ་མིའི་སྡོད་ཁང་ཡིན་པ།

    དེའང་ཁོང་མཐོ་འབྲིང་ནས་སློབ་ཆེན་དུ་མ་ཚུད་ཀྱང་ཡིད་ཐང་ཆད་ནས་མ་བསྡད་པར། རི་གཟར་གྲོང་ཚོར་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་ཞིག་ཐོར་བཀོད་དེ། སྙི་བ་སོགས་སྨན་རྩྭ་བཏབ་ནའང་། ལག་རྩལ་མི་འདང་བ་སོགས་རྒྱུ་རྐྱེན་དུ་མས་ཐོན་འབབ་བཟང་པོ་དེ་ཙམ་མ་བྱུང་བས། འབྲེལ་ཡོད་ཚན་པར་རྨ་བྱ་སྔོན་མོ་གསོ་ཆོག་མིན་ཞིབ་པར་དྲིས་རྗེས་2018ལོ་ནས་ཁྱིམ་དུ་རྨ་བྱ་སྔོན་མོ་གསུམ་ཚོད་ལྟའི་ཚུལ་གྱིས་གསོས་པ་དང་། ལས་ཞོར་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཏེ་སྨན་རྫས་རིག་པ་སྦྱོང་བའི་ཆོད་སེམས་བཅངས། རྟག་གུས་བརྩོན་པ་མ་བཏང་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིགས་ལ་ལྟོས། །ཞེས་པའི་ལེགས་བཤད་ནི་དོན་ལ་གནས་པའི་གཏམ་ཉིད་དེ། མཐར་2019ལོའི་དར་མའི་ཡིག་རྒྱུགས་ལོན་ནས་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་བོད་སྨན་རིག་པའི་ཆེད་ལས་ལ་ཚུད། དེ་གར་ལོ་གསུམ་བོད་སྨན་རིག་པར་སྦྱངས་པ་བྱས་པ་དང་2022ལོར་སློབ་གྲྭ་ནས་མཐར་ཕྱིན། རྨ་བྱ་སྔོན་མོ་ནི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པས། རྨ་བྱ་སྔོན་མོ་གསུམ་ཡན་གསོ་བར་ངེས་པར་དུ་འགྲོ་ལུགས་གཉེར་དགོས་ལ། རྨ་བྱ་སྔོན་མོའི་སྒྲོ་མདོངས་དང་སྒོ་ང་ལས་རྨ་བྱའི་ཤ་ཉོ་འཚོང་བྱེད་ཆོག་གི་མེད། འབྲེལ་ཡོད་ཀྱི་འགྲོ་ལུགས་གཉེར་རྗེས་ཡང་བསྐྱར་རྨ་བྱ་4ཉོས་ཏེ་རྒྱ་སྐྱེད་ཕྲན་བུ་བཏང་བ་དང་ལས་ཞོར་ལ་ཁྱིམ་ཚང་རྣམ་པའི་གསོ་ཚགས་ཀྱི་རྒྱུན་བསྐྱངས།

    རི་གསར་གྲོང་ཚོར་ས་བབ་སྨི་4200ཙམ་ཡོད་ཀྱང་རྨ་བྱ་ཡུལ་ལུང་དེ་གའི་ས་ཆུར་མི་འཕྲོད་པ་གང་ཡང་མེད་ལ། སྒོ་ང་གཏོང་བ་དང་སྒྲོ་མདོངས་བརྗེ་བ་སོགས་ཀྱང་རྒྱུན་གཏན་ལྟར་ཡིན་པ་དང་། བར་དུ་སྟག་རྩེ་རྫོང་གི་རྨ་བྱ་སྔོན་མོ་གསོ་ཚགས་ཁང་ཞིག་ཏུ་གླ་ཆ་མེད་པར་ཟླ་བ་གཅིག་ཙམ་ལས་ཀ་བྱས་ནས་རྨ་བྱ་གསོ་སྟངས་ཞིབ་པར་སྦྱངས་རྗེས། རྨ་བྱའི་གྲངས་འབོར་མང་དུ་གཏོང་བའི་སེམས་ཤུགས་ཆེན་པོ་སྐྱེས། དེ་ལྟར་ནའང་རྨ་བྱ་གསོ་བར་ས་ཆ་རྒྱ་ཆེ་ཙམ་དགོས་ལ། རྨ་བྱ་ཉོ་བར་ཡང་མ་དངུལ་འབོར་ཆེན་དགོས་པས། གོང་རིམ་སྲིད་གཞུང་ལ་རྨ་བྱ་གསོ་བའི་བསམ་འདུན་མ་ལུས་ལྷུག་པོར་བརྗོད་པས། སྲིད་གཞུང་གིས་སྒོར་ཁྲི་70བཏང་ནས་རྨ་བྱ་གསོ་སྤེལ་ལྟེ་གནས་བསྐྲུན་པ་མ་ཟད། རྨ་བྱ་26ཉོས་པ་དང་། ལོ་རེར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་ནས་30%སྤྲོད་པའི་གན་རྒྱ་བཞག

    གནའ་མིའི་ཁ་དཔེ་ལ་རྨ་བྱར་ངོམ་རྒྱུ་སྒྲོ་མདོངས་ཟེར་བ་བཞིན་རྨ་བྱའི་མཇུག་སྒྲོ་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པས་རྨ་བྱའི་སྒྲོ་མདོངས་ཞེས་དང་དོད་ཆེན་པོས་རྒྱན་ཆ་བྱེད་པ་དང་། གླིང་སྒྲུང་དུའང་རྨ་བྱ་ནི་ཧོར་གུར་དཀར་གྱི་བླ་བྱ་ལས་དྲང་བདེན་གྱི་ཕྱོགས་སུ་ལངས་པའི་བླ་བྱ་ཞིག་ཡིན་པར་བརྗོད་ཡོད་ལ། རྨ་བྱའི་མིང་གི་རྣམ་གྲངས་24ཙམ་མཆིས་པ་ལས་རྨ་བྱ་ནི་སྔ་མོ་ནས་བོད་རིགས་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་སྲོགས་ཆགས་ཤིག་ཡིན་པ་ཤེས་ཐུབ། དེ་མིན་རྨ་བྱའི་སྒྲོ་ནི་སྨན་རྒྱུ་ཞིག་ཡིན་ཏེ། རོ་མི་གསལ་ཞིང་ཞུ་རྗེས་བསྐ་བ་དང་། ནུས་པས་དུག་དང་། གློ་རྣག རྣ་བའི་ནད་བཅས་སེལ་བར་བྱེད་པས། ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། རྒྱ་གར་རྨ་བྱའི་སྒྲོ་མདོངས། །བྱུང་ན་བསམ་པ་མ་གཏོགས། །བོད་ལ་དེ་ཕོའི་གཞུ་གུ །མེད་པ་རང་ནི་མ་རེད། །ཅེས་དེ་སྔ་རྨ་བྱའི་སྒོ་ང་ལྟ་ཅི། སྒྲོ་མདོངས་མང་ཆེ་བའང་རྒྱ་གར་ནས་འདྲེན་དགོས་པ་ཟུར་བལྟས་ལེབ་མཐོང་རེད། ད་ཆ་ནང་ས་ཙམ་མ་ཟད། ས་བབ་མཐོ་བའི་བོད་ལའང་རྨ་བྱ་གསོ་མཁན་མི་ཉུང་བ་ཡོད་པས། ཁྲོམ་རར་རྨ་བྱའི་སྒོ་ང་དང་སྒྲོ་མདོངས་འཚོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཚུལ་ཁྲིམས་བསྟན་འཛིན་གྱིས་ཁེངས་སྐྱུངས་དང་བཅས་ལོ་རེར་རྨ་བྱའི་སྒྲོ་ཐེངས་རེ་བརྗེ་བ་དང་། རྨ་བྱ་གཅིག་ལ་སྒྲོ་200ཙམ་ཡོད་ཅིང་། སྒྲོ་རེར་སྒོར་གསུམ་ནས་ལྔ་བར་རག་གི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    རྨ་བྱའི་སྒྲོ་མདོངས་ཕུད། རྨ་བྱའི་སྒོ་ངར་སེ་འདུས་ཚད་བྱ་སྒོང་700ཡི་སེ་འདུས་ཚད་དང་མཉམ་པས། རྒྱལ་ཁབ་ཕྱི་ནང་གི་གསོ་བ་རིག་པ་དང་འཚོ་བཅུད་རིག་པའི་མཁས་དབང་ཚོས་ཚེ་སྲོག་གི་མེ་སོན་དང་། སྐྲན་འཇོམ་རྒྱལ་པོ། ཚེ་སྲུང་རིལ་བུ། སྙིང་ནད་ཀྱི་སྲུང་མ། རང་བྱུང་དུག་སེལ་རིལ་བུ་སོགས་ཀྱི་མཚན་སྙན་གསོལ་ཡོད་ལ། མིའི་གཟུགས་གཞི་ཐང་དུ་གཏོང་བ་དང་། ཕྲ་ཕུང་གསོ་བ། སྐྲན་ནད་སྔོན་འགོག དུག་སེལ་བ་སོགས་ལ་ཕན་ནུས་ཆེན་པོ་བཅུ་ཙམ་ལྡན་པས། སྨན་དང་འཚོ་བཅུད་གཉིས་འཛོམས་ཀྱི་ཕན་ནུས་ལྡན། ཚུལ་ཁྲིམས་བསྟན་འཛིན་གྱིས། ད་ཆ་མཉམ་ལས་ཁང་ལ་རྨ་བྱ་33ཡོད་པ་ལས་བྱ་མོ་21ཡོད་པ་དང་། རྨ་བྱའི་ཚེ་ཚད་ལོ་25ཙམ་འཚོ་ཐུབ། རྨ་བྱ་མོ་གཅིག་གིས་ལོ་གཅིག་ལ་སྒོ་ང་30ནས་35ཡི་བར་གཏོང་བ་དང་སྒོ་ང་རུམ་ཐེངས་རེར་4ནས་8བར་རུམ་ཐུབ། སྒོ་ང་རེར་ལྗིད་ཚད་ཁེ་120ནས་140བར་ཡོད་ཅིང་། སྒོ་ང་རེར་སྒོར་200བྱས་ཏེ་འཚོང་གི་ཡོད་ཅེས་རྒྱུས་མངའ་ཆེན་པོས་ངོ་སྤྲོད་ཞིབ་ཚགས་བྱས་བྱུང་། གསར་འགོད་པས་ཁོག་རྩིས་རོབ་ཙམ་བརྒྱབ་པར་རྨ་བྱ་མོ་21གིས་ལོ་རེར་སྒོ་ང་ཉུང་ཤོས་30བཏང་བར་བརྩིས་ནའང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་12ལྷག་ཙམ་ཟིན་པ་ཤེས་བྱུང་།

    རྨ་བྱས་རྩྭ་འབྲུ་དང་། ཤིང་ཏོག མྱུ་གུ སྦལ་བ་སོགས་ཟས་སུ་བྱེད་ལ། ཁ་དཔེ་ལ་གཤོག་ཐོགས་ཅན་གྱི་རྩྭ་གཟན་གསུམ། །ཐང་དཀར་རྒོད་པོས་པྲ་ཏོག་ཟ། །ངང་བ་སེར་པོས་འདམ་རྩྭ་ཟ། །རྨ་བྱ་སྔོན་མོས་དུག་རྩྭ་ཟ་ཞེས་རྨ་བྱ་སྔོན་མོས་ཟས་སུ་དུག་རྩྭ་ཟ་གི་ཡོད། ཚུལ་ཁྲིམས་བསྟན་འཛིན་གྱིས་ཀྱང་དུག་རྩྭ་སྟེར་ན་རྨ་བྱའི་སྒྲོ་མདོངས་རྒྱས་ཟེར་བ་ངོ་མ་རེད་འདུག་ཟེར། ཚུལ་ཁྲིམས་བསྟན་འཛིན་གྱིས། སྐབས་སྐབས་ལ་རྨ་བྱར་དུག་རྩྭ་སྟེར་ན་སྒྲོ་མདོངས་ལ་བཀྲག་མདངས་རྒྱས་འགྲོ་བ་དང་། གཞན་ཡང་དྲ་བ་ནས་ཆེད་མངགས་རྨ་བྱའི་གཟན་རྩྭ་འཚོང་མཁན་ཡོད་པས། རྒྱ་མ་གང་ལ་སྒོར་གསུམ་བྱས་ནས་ཉོས་ན། ལོ་གཅིག་ལ་གཟན་རྩྭ་རྒྱ་མ་2000ཙམ་གྱིས་འདང་གི་འདུག་ཅེས་ངོ་སྤྲོད་བྱས་བྱུང་།

    ཕུགས་ཀྱི་འཆར་གཞིའམ་མཉམ་ལས་ཁང་གི་རྒྱ་སྐྱེད་སྐོར་གླེང་སྐབས། ཚུལ་ཁྲིམས་བསྟན་འཛིན་གྱི་ངོ་གདོང་ལས་རེ་བའི་འཛུམ་མདངས་འཕྱུར་བཞིན་དུ། ད་ཆ་གསོ་སྤེལ་ལྟེ་གནས་བསྐྲུན་མ་ཐག་ཡིན་པས། ལས་མི་རེ་གཉིས་ལས་དགོས་ཀྱི་མི་འདུག ཉེ་ཆར་ནང་ས་ནས་སྒོང་སྙོལ་འཕྲུས་ཆས་ཉོས་ཡོད་པས། སླད་མར་རྨ་བྱའི་གྲངས་འབོར་མང་དུ་བཏང་ནས་ཉེ་འཁོར་གྱི་ལས་མི་འགའ་ཤས་འདི་གར་ལས་ཀར་སྐོང་རྩིས་ཡོད་ལ། རྨ་བྱ་གསོ་སྟངས་བསླབས་ནས་གྲོང་མི་སྔར་ལས་མང་བ་འབྱོར་ཕྱུག་ལྡན་པའི་འཚོ་བའི་ལམ་བུར་འཁྲིད་རྩིས་ཡོད་ཅེས་བཤད་བྱུང་།

    ཚུལ་ཁྲིམས་བསྟན་འཛིན་ནི་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་ལོག་པའི་གཞོན་སྐྱེས་མང་པོ་ཞིག་གི་དཔེ་མཚོན་ཡིན་ཞིང་། ད་ཆ་ཁོང་དང་འདྲ་བར་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་བྱ་གཞག་གསར་གཏོད་བྱེད་མཁན་ནི་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དཀའ་སྤྱད་ཀྱི་རྔུལ་ཆུས་འཚོས་པའི་ཞིང་ས་བརླན་པར་མི་སྨོན་རང་སྐྱིད་ཀྱི་བདེ་སྐྱིད་འཚོ་བའི་འབྲས་བཟང་སྨིན་པར་ཐེ་ཚོམ་ཅི་ལ་མཆིས་ཏེ་མ་མཆིས་སོ།

    གསོ་སྤེལ་བྱེད་པའི་རྨ་བྱ་སྔོན་མོ། 

    མདོ་ཡུལ་ཤང་གི་རྨ་བྱ་གསོ་སྤེལ་ལྟེ་གནས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།