“ཡུལ་སྐོར་+”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།
—— ཉིང་ཁྲིས་སྐྱེ་ཁམས་ཡུལ་སྐོར་ལས་རིཌ་འཕེལ་རྒྱས་བཏང་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེཌ་བྱས་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་རྨང་གཞིར་བྱེད་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་གཞི་རྟེན་དུ་བྱེད་པ། སྐྱེ་ཁམས་ཡུལ་སྐོར་འདེགས་སྐྱོར་དུ་བྱེད་པ། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ། ནུས་ཤུགས་ཡོད་རྒུས་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཡུལ་སྐོར་གཏོད་པ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་ཡོད།
མེ་ཏོག་ནི་བོད་ཀྱི་ཤར་ལྷོའི་རྒྱུད་དང་ཉིང་ཁྲི་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་1100ཟིན་པ་དང་། ཆར་ཆུ་འབེལ་བ། སད་མེད་ནམ་དུས་རིང་བ། ལོ་ལྟར་སྨུག་སྤྲིན་འཁྲིགས་པ་བཅས་ཧི་མ་ལ་ཡའི་ལྷོ་རིའི་ཁྲོད་དུ་གནས་པའི“དབེན་པའི་སྐྱེད་ཚལ”ཞིག་རེད། ལོ་རེའི་ཟླ་5པ་ནས་ཟླ་10པ་བར་ནི་མེ་ཏོག་ཏུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་ཞིང་།འདི་ནི་ཆར་པ་བབས་རྗེས་ཀྱི་མེ་ཏོག་རྫོང་གྲོང་གི་ཟུར་ཞིག་ཡིན་པ།
ཞིང་ལས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པ།
མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་རི་སྟེང་དུ་ཤིང་ནགས་སྟུག་ཅིང་དུས་བཞི་ཚ་གྲང་སྙོམས། དགྱེ་གླིང་གྲོང་ཚོའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་སྟེ་དེ་གར་ཇ་ཞིང་ལ་ལྟ་བ་དང་ཇའི་བྲོ་བ་མྱོང་བ་དང་གྲོང་ཚོ་དང་ཁེ་ལས་ཀྱིས་མཉམ་ལས་ལས་སྣོན་བྱས་པའི་ས་མཐོའི་སྐྱེ་ཁམས་ཇ་ཉོ་བ་སོགས་སྤྲོ་སེམས་ཀྱིས་རབ་ཏུ་བརྟས། རང་བྱུང་མཛེས་ལྗོངས་དང་། སྤྲོ་གསེང་སོས་དལ། ཞིང་ལས་ཡུལ་སྐོར་སྔོག་འཐུ། ཡུལ་སྐོར་ལུས་གསོ་བཅས་དེ་གར་གྲོང་ཁྱེར་གྱི་འདུ་འཛི་དང་བྲལ་བས་དབེན་འཇམ་གྱི་འཚོ་བར་རོལ་སའི་ཡུལ་ལྗོངས་ཉམས་དགའ་བ་ཞིག་ཏུ་སྣང་།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མེ་ཏོག་རྫོང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ཁྲོམ་རར་དམིགས་ཏེ། གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ལས་མཉམ་འདྲེས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཡུལ་སྐོར་རྣམ་གྲངས་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་གཏོད་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། དགྱེ་གླིང་གྲོང་ཚོ་ནི་རྫོང་དེས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་རེད། མེ་ཏོག་རྫོང་གི་འགན་འཁུར་བས་སླད་ཕྱིན་མེ་ཏོག་འདི་ཉིད་ཡུལ་སྐོར་གྲགས་ཅན་རྫོང་དུ་གཏོད་རྒྱུའི་དམིགས་ཚད་ལ་དམ་པོར་དམིགས་ནས་མེ་ཏོག་རྫོང་དུ་ཡུལ་སྐོར་དུ་ཡོང་མཁན་ཚོའི་ཉམས་ལེན་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཛེས་ལྗོངས་ཁུལ་དང་འགྲོ་ལམ་འགྲིམ་འགྲུལ་སོགས་ཐད་ཀྱི་མཁྲེགས་ཆས་སྐྲུན་མགྱོགས་སུ་གཏོང་བ། རིག་ལྡན་ཡུལ་སྐོར་གྱི་མཉེན་ཆས་ལས་སྟེགས་གསར་སྤེལ་བྱེད་པ། ཡུལ་སྐོར་ཁྲོམ་རའི་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་པ། ཞག་སྡོད་བཟའ་བཏུང་ལས་རིགས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་བ་དེ་བས་མང་བ་མེ་ཏོག་ཏུ་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་འགུག་པ་དང་། “ཉིན་གཅིག་ལ་དུས་ཚིགས་བཞི་བརྒྱུད་པ་དང་ལེ་དབར་བཅུ་ལ་གནམ་གཤིས་མི་འདྲ་བའི”མཛེས་ལྗོངས་ཉམས་ལེན་ཐུབ་པ་དང་། ཡུལ་སྐོར་བར་མོན་པ་དང་ལྷོ་པའི་རིག་གནས་ཉམས་ལེན་ཏན་ཏིག་ཐུབ་པར་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
མཉམ་སྡེབ་དཔལ་འབྱོར་གྱིས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བ།
བྲག་ཡིབ་ཆུས་བུ་ཆུ་ཤང་རྒྱལ་སྨད་གྲོང་ཚོའི་རྒྱལ་སྨད“གླིང་ཁ”ནི་ཞིང་ཆེན་ལམ་306གི་ཉིང་ཁྲིའི་མེ་འཁོར་བབས་ཚུགས་ཀྱི་ལམ་རྒྱུད་དུ་གནས་ཤིང་། ཉིང་ཁྲི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་14ཡོད། དེ་ནི་རིག་གནས་ཐང་ཆེན་དང་། སྒྲ་ལྡན་མདའ་མོ། བོད་ཟས་ཁང་། བོད་ཁྱིམ་སྒོ་ར་ཆུང་གྲས། མེ་འཁོར་ཆུང་ཆུང་ལ་ལྟ་སྐོར་སོགས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་དང་ལེ་ལག་ཚང་བའི་སྒྲིག་བཀོད་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་གཞི་གཅིག་ཅན་ཞིག་ཡིན་པ་དང་འདི་ལོའི་ཟླ་5པར་དངོས་སུ་ཕྱི་ཕྱོགས་ལ་ལས་གཉེར་བྱེད་འགོ་ཚུགས་པ་རེད།
རྒྱལ་སྨད“གླིང་ཁའི”རྣམ་གྲངས་ནི་རྒྱལ་སྨད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གྲས་ཤིག་ཡིན་པ་དང་། ཐོག་མའི་ཇུས་འགོད་ནས་གཉེར་སྐྱོང་དོ་དམ་བར་ཚང་མ་གྲོང་ཚོའི་མང་ཚོགས་ཐུན་མོང་ཐོག་ཞུགས་ནས་གཏན་འཁེལ་བྱས་པ་ཞིག་རེད། རྒྱལ་སྨད“གླིང་ཁའི”སྤྱིའི་རྒྱ་ཁྱོན་ལ་མུའུ་87ཡོད་པ་དང་། “གླིང་ཁ”གཉེར་སྐྱོང་བྱས་རྗེས་རྒྱལ་སྨད་གྲོང་ཚོའི་ཞིང་ལས་དཔལ་འབྱོར་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བྱུང་ཡོད། ལས་གཉེར་བྱས་ནས་ཡུན་རིང་པོ་སོང་མེད་ཀྱང་འདི་གར་གྲོང་མི་དང་ཡུལ་སྐོར་བའི་གཟའ་མཇུག་དང་དུས་ཆེན་དང་ངལ་གསོའི་སྐབས་སུ་རང་བྱུང་ཁམས་དང་ཉེ་བཅར་བྱེད་ས་ཡག་ཤོས་ཤིག་ཏུ་གྱུར་ཡོད།
རྒྱལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ལུག་གིས་གསར་འགོད་པར། ཚང་མའི་དགོས་མཁོ་ལྟར་རྒྱལ་སྨད“གླིང་ཁའི”འབྲེལ་ཡོད་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དང་གསར་བརྗེས་བྱེད་བཞིན་ཡོད། ཡུན་རིང་མ་སོང་བར་རྒྱལ་སྨད“གླིང་ཁ”དེ་གྲོང་གསེབ་ཡུལ་སྐོར་དང་། དེང་རབས་ཞིང་ལས། སྤྲོ་གསེང་རོལ་རྩེད། ཞིམ་ཟས་ཐོན་རྫས། མེ་ཏོག་ལྟ་སྐོར། ཕ་མ་བུ་ཕྲུག་གི་སློབ་གསོ་སོགས་གཞི་གཅིག་ཅན་གྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།
སྤུས་ལེགས་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་བས་ཞིང་འབྲོག་པར“ཡུལ་སྐོར་ཡོང་འབབ”བྱུང་བ།
ཉེ་བའི་ལོ་ཤས་རིང་ཀོང་པོ་རྒྱ་མདའ་རྫོང་སྲིད་གཞུང་གིས་མཛེས་ལྗོངས་ཁུལ་གྱི་ལེགས་ཆར་བརྟེན་ནས་ས་གནས་དེ་གའི་མང་ཚོཌ་ལ་སྤུས་ལེཌ་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་བསྐྲུན་རྒྱུར་ལྕག་སྐུལ་བྱས་པ་དང་། ཡུལ་སྐོར་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་དང་ཆབས་ཅིག མང་ཚོཌ་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་བྱས་པ་རེད། བྱེ་པ་གྲོང་ཚོའི་གྲོང་མི་ཚེ་ནོར་བུས་གོ་སྐབས་དམ་འཛིན་གྱིས་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་གཉེར།
“ངའི་ཁྱིམ་གྱི་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་ལ་ཁང་མིག་10དང་ཉལ་ཁྲི་16ཡོད་པ་ཚང་མ་ང་ཚོ་སོ་སོས་གཉེར་སྐྱོང་བྱེད་ཀྱི་ཡོད། རང་ཁྱིམ་གྱི་སྒོ་ཁ་ནས་ཕྱུག་འགྱུར་གྱི་ཕུཌ་འདུན་མངོན་འགྱུར་ཡོང་བསམ་པ་དེ་སྔ་བསམ་པའི་ཡུལ་ལ་ཡང་འཁོར་མ་མྱོང”ཞེས་ཚེ་ནོར་བུས་འཛུམ་དམུལ་དམུལ་ངང་བཤད།
བྱེ་པ་གྲོང་ཚོར་བསྡོམས་དུད་ཚང་147ཡོད་པའི་ནང་དུད་ཚང་48ཀྱིས་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་ངམ་ཡང་ན་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་གསུམ་པ་ཁོ་ནར་གྲོང་ཚོ་ཡོངས་སུ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་150ལྷག་ཙམ་བྱུང་ཡོད།
དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱས་མེད་པའི་གྲོང་མིའི་ངོས་ནས་བརྗོད་ན་རང་ཁྱིམ་གྱི་སྒོ་ཁར་ལས་ཀ་འཚོལ་རྒྱུ་དེ་ཡང་གདམ་ག་ཡག་པོ་ཞིག་ཡིན་པ་དང་། བྱེ་པ་གྲོང་ཚོའི་གྲོང་མི་ལུག་ལུག་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
ལུག་ལུག་གིས་གསར་འགོད་པར། “2018ལོར་ང་ལས་ཀར་ཕྱིན་པ་ཡིན། ཟླ་རེར་ཡོང་འབབ་སྒོར་5000ལྷག་ཙམ་འདུག ལས་བཟོད་ཡང་པོ་འདུག་ལ། ལས་ཀར་འགྲོ་ས་རང་ཁྱིམ་གྱི་ཉེ་འགྲམ་དུ་ཡིན་པས་ལས་ཀ་མེད་དུས་ཁྱིམ་ལ་ལོག་ནས་ངལ་གསོ་བརྒྱབ་ཆོག”ཅེས་བཤད།
སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་བརྟེན་ནས་གྲོང་མི་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་ལས་ཡོང་འབབ་མང་དུ་སོང་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད།
སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོ་དེ་རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པ་དང་མཛེས་ལྗོངས་ལྟ་ན་སྡུག་པ་དང་མཐའ་བཞི་མུ་འབྲེལ་རི་བོས་བསྐོར་ནས་ཡོད། སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་མཁན་མང་པོ་ཞིག་གིས་དེ་གར་བོད་ཁྱིམ་རིག་གནས་ཉམས་ལེན་བྱེད་ཀྱི་ཡོད།
འདི་ནི་ཡུལ་སྐོར་བས་མཁར་རྨོག་གྲོང་ཚོར་བོད་ཆས་གྱོན་ནས་རྟ་བཞོན་བཞིན་པ།