ཀོང་པོ་གཡུ་ཡི་ལུང་པ་རུ་། ཐོན་ལས་མེ་ཏོག་ལྷུག་པོར་བཞད་།
—— ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་བོད་ཕག་གསོས་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་སྐོར་བཀོད་པ།
ཉིང་ཁྲིའི་གནམ་གཤིས་བཞའ་ཚན་ཆེ་བ་དང་སྔོ་ཁེབས་མང་བའི་ཁར། བེ་ཤ་དང་གྲོ་མ་སོགས་ནགས་གསེབ་ཐོན་ཁུངས་ཕུན་སུམ་ཚོགས་པས་བོད་ཕག་གསོ་བར་ཧ་ཅང་འཚམ་པོ་ཡོད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ས་ཁམས་ཀྱི་ལེགས་ཆར་གཞིགས་ཏེ་བོད་ཕག་གསོས་ནས་དེང་རབས་བོད་ཕག་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་བས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་ཕྱིན་ཡོད།
སྲིད་ཇུས་རང་བཞིན་གྱི་འགན་བཅོལ་གྱིས་འགན་ལེན་བྱས་པ།
སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ནི་འགན་བཅོལ་ཀུང་སི་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལ་བརྟེན་ནས་སྲིད་གཞུང་གིས་འགན་བཅོལ་ཞུ་གྲོན་ཁ་གསབ་སོགས་སྲིད་ཇུས་ཀྱི་རོགས་སྐྱོར་བརྒྱུད། འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་ལ་རང་བྱུང་གནོད་འཚེ་དང་ཐོལ་བྱུང་གི་གནས་ཚུལ་ཐོན་པ་ལས་བྱུང་བའི་དཔལ་འབྱོར་གྱོང་གུན་ལ་ཐད་ཀའི་དངོས་གྱུར་མ་གནས་ཀྱི་འགན་བཅོལ་མཁོ་འདོན་བྱས་པ་ཞིག་རེད།
ཉིང་ཁྲིའི་བོད་ཕག་ལྗོངས་ཕྱི་ནང་གི་ཁྲོམ་རར་སྐད་གྲགས་ཆོད་པ་དང་བསྟུན་ནས། ཞིང་འབྲོག་མང་ཚོགས་མང་པོ་ཞིག་རང་འགུལ་ངང་བོད་ཕག་གསོ་བའི་ལས་ལ་འཇུག་འདོད་ཀྱི་འགྲམ་ཆུ་ལྡང་། འོན་ཀྱང་། ཁྲོམ་རའི་ཉེན་ཁ་དང་། རང་བྱུང་གི་གནོད་འཚེ། ཐོལ་བྱུང་གི་གནས་ཚུལ། ནད་ཚབས་ཆེན་སོགས་ཉེན་ཁ་སྣ་ཚོགས་ཕྲད་དང་འཕྲད་བཞིན་ཡོད་པས། དེ་དག་ནི་གསོ་ཚགས་དུད་ཚང་གིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་རྒྱུ་རུ་གྱུར།
བོད་ཕག་གསོ་ཚགས་དུད་ཚང་གི་ཉེན་ཁ་གང་ཐུབ་ཅི་ཐུབ་ཀྱིས་ཆུང་དུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཕག་ལ་འགན་བཅོལ་ཉོས་ནས་འགན་བཅོལ་སྲིད་ཇུས་གང་ཐུབ་སྤྱད་དེ། གསོ་ཚགས་དུད་ཚང་གི་བོད་ཕག་གསོ་བའི་ཡིད་ཆེས་བརྟན་དུ་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་གཞུང་གི་ཁ་གསབ་80%དང་གསོ་ཚགས་དུད་ཚང་ཁག་གིས་འགན་བཅོལ་ཞུ་གྲོན་20%འགན་ལེན་བྱེད་པའི་ཚད་གཞི་ལྟར། སྡོམ་གསོས་བརྒྱབ་པའི་ཕག་པ་དང་རྒྱུད་སྤེལ་ཐུབ་པའི་ཕག་མོ་རྣམས་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་ནང་བཅུག་ནས། འགན་བཅོལ་གྱི་རྨང་གཞིའི་དཔྱད་ཡིག་དང་གྲངས་གཞིའི་ཡིག་ཚགས་བཟོས་པར། བོད་ཕག་ལ་རང་བྱུང་གནོད་འཚེ་དང་། ཐོལ་བྱུང་གི་གནས་ཚུལ། ནད་ཚབས་ཆེན་ཕོག་ནས་ཤི་བ་བཅས་ཀྱི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་གྱོང་གུན་གསབ་པར་བརྟེན་གསོ་ཚགས་དུད་ཚང་ལ་གྱོང་གུན་ཕོག་ཚད་ཆུང་དུ་ནུས་ལྡན་ཕྱིན་ཡོད།
2022ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་འགན་བཅོལ་ཞུ་གྲོན་ཁྱོན་སྒོར་ཁྲི་1045.34བཏང་ནས་སྡོམ་གསོས་བརྒྱབ་པའི་ཕག་པ་ཁྲི་13.82དང་རྒྱུད་སྤེལ་ཐུབ་པའི་ཕག་མོ་ཁྲི་4.24ལྷག་ཙམ་ལ་འགན་བཅོལ་ཉོས་པར་གུན་གསབ་མ་དངུལ་སྒོར་ཁྲི་624.8རག་ཡོད།
བོད་ཕག་གསོ་ཚགས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱིས་གསོ་ཚགས་དུད་ཚང་གི་ཉེན་ཁ་ཆུང་དུ་ནུས་ལྡན་བཏང་བ་དང་། རང་བྱུང་གནོད་འཚེ་འགོག་པ་དང་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ཏེ། གསོ་ཚགས་དུད་ཚང་བློ་བདེ་པོ་བྱུང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དེང་རབས་བོད་ཕག་གསོ་ཚགས་ལས་རིགས་བརྟན་ཐོག་ཡར་འཕེལ་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
ཚན་རྩལ་གྱིས་གཞི་ཁྱོན་ཅན་གྱི་གསོ་ཚགས་ལ་རམ་འདེགས་བྱས་པ།
བོད་ཕག་ནི་རང་ལྗོངས་ཀྱི་ཁྱད་ལྡན་འབྲོག་ལས་ཀྱི་སྒོ་ཟོག་གི་རིགས་ཤིག་ཡིན་ཞིང་། དེང་རབས་ཅན་དང་གཞི་ཁྱོན་ཅན་གྱི་བོད་ཕག་གསོ་ཚགས་ཀྱི་བརྒྱུད་རིམ་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་རིང་། གསོ་ཚགས་ལག་རྩལ་ཐད་ལ་དཀའ་ངལ་མང་པོ་འཕྲད་ཡོད། མི་ཐབས་ལ་བརྟེན་ནས་ཁམས་དཀར་བླུགས་ནས་ལེགས་གྲུབ་འབྱུང་ཚད་དམའ་བ་སོགས་ཀྱི་གནད་དོན་སྐོར་ལ་ཞིང་འབྲོག་མང་ཚོགས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ཡང་དཀའ་གནད་མང་པོ་ཞིག་སྔར་བཞིན་སེལ་ཁག་པོ་ཡོད།
ཉིང་ཁྲི་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་ཞིང་འབྲོག་སློབ་གླིང་ནི་ས་གནས་རང་བཞིན་གྱི་ཞིང་ལས་སློབ་གླིང་ཞིག་ཡིན་པའི་ངོས་ནས་བོད་ཕག་གསོ་ཚགས་ཐད་ལ་ཞིང་འབྲོག་རིག་ཚན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད། བོད་ལྗོངས་ཞིང་འབྲོག་སློབ་གླིང་བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་ཞིབ་སྤེལ་མཐུན་སྦྱོར་གསར་གཏོད་ལྟེ་གནས་ཀྱི་ཚོགས་མིས་ཉིང་ཁྲི་གྲོང་ཁྱེར་གྱི་བོད་ཕག་ཐོན་ལས་འཕེལ་རྒྱས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་གྱི་འགན་ཁུར་ནས། ཉིང་ཁྲི་གྲོང་ཁྱེར་གྱི་བོད་ཕག་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་དོན་ཁྲོད་དུ་ཞུགས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཕག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
ཉིང་ཁྲི་གྲོང་ཁྱེར་གྱི་བོད་ཕག་ཐོན་ལས་འཕེལ་རྒྱས་གཏོང་བར་དཀའ་གནད་འཕྲད་རིང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་ཞིབ་སྤེལ་མཐུན་སྦྱོར་གསར་གཏོད་ལྟེ་གནས་ཚོགས་པའི་ཆེད་ལས་པས་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུད་སྤེལ་ཐུབ་པའི་ཕག་མོ་འཚོལ་བསྡུ་དང་མི་ཐབས་ལ་བརྟེན་ནས་ཐིག་ལེ་སྡེབ་སྦྱོར་བྱེད་པའི་ལས་དོན་སྤེལ་རོགས་བྱས་ནས། ཕག་གསེབ་50ལྷག་ཙམ་འདུལ་གསོ་བྱས་ཏེ། རྒྱ་ཆེའི་བོད་ཕག་གསོ་ཚགས་བྱེད་མཁན་གཙོ་བོར་བོད་ཕག་གི་ཁམས་དཀར་བཟང་པོ་དང་དེ་བཞིན་མི་ཐབས་ལ་བརྟེན་ནས་ཐིག་ལེ་སྡེབ་སྦྱོར་བྱེད་པའི་ལག་རྩལ་གྱི་ཞབས་འདེགས་མཁོ་འདོན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱུད་སྤེལ་ཐུབ་པའི་ཕག་མོའི་མགོ་གྲངས་ལ་འགན་ལེན་ནུས་ལྡན་བྱས་ཡོད།
གཞན་ཡང་བོད་ཕག་གཞི་ཁྱོན་ཅན་གྱི་གསོ་ཚགས་ལ་སྐུལ་འདེད་གཏོང་བའི་ཐད་བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་གསར་གཏོད་རང་བཞིན་གྱི་ཚོད་ལྟ་གསར་པ་མང་པོ་བྱས་ཤིང་། གསོ་ཚགས་ཀྱི་གཟན་ཆག་ཐད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་ཞིབ་འཇུག་པས་གཟན་ཆག་བཟོ་ཐབས་ཁག་9ཇུས་བཀོད་བྱས་པ་མ་ཟད། ཀོང་པོ་རྒྱ་མདའ་པོ་ཐེང་ཞིང་འབྲོག་སྐྱེ་ཁམས་ཁེ་ལས་ཚད་ཡོད་ཀུང་སི་དང་ཉིང་ཁྲིའི་སྤྲིན་འབྲོག་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་ཁྱབ་གདལ་བཏང་ཡོད། ཐོན་སྐྱེད་བྱེད་འགོ་ཚུགས་ཚུན། ཀུང་སིས་ཁྱོན་གཟན་ཆག་ཏུན་3000ཙམ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་ཡོད། ཀུང་སི་དང་། མཉམ་ལས་ཁང་། གསོ་ཚགས་དུད་ཚང་ཆེ་གྲས་བཅས་ཁག་གཅིག་གིས་ཀུང་སིས་ཐོན་སྐྱེད་བྱས་པའི་སྐྱུར་བསྙལ་གཟན་ཆག་སྤྱོད་བཞིན་ཡོད་པས། གསོ་ཚགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས་རྒྱ་ཆེའི་གསོ་ཚགས་དུད་ཚང་གི་གདེང་འཇོག་བཟང་པོ་ཐོབ་ཡོད།
བོད་ཕག་གསོ་ཚགས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱིད་ཀ་ཤར་བ།
ཀོང་པོ་རྒྱ་མདའ་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་བོད་ཕག་སྲུང་སྐྱོང་ཁུལ་གཅིག་པུ་དེ་ཡིན་ལ། བོད་ཕག་གཅིག་སྡུད་གསོ་ཚགས་ཁུལ་ཆེ་ཤོས་ཀྱང་ཡིན་པས། “ཀྲུང་གོའི་བོད་ཕག་གི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན་ཡོད། བོད་ཕག་གི་ལེགས་ལྡན་གཙོ་ཁྲིད་ཐོན་ལས་ལ་གཞི་ཚུགས་ཏེ། ཀོང་པོ་རྒྱ་མདའ་རྫོང་གིས་2018ལོ་ནས་བཟུང་བོད་ཕག་ཐོན་ལས་གླིང་བསྐྲུན་པར་འཆར་འགོད་བྱས་ནས་བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ཡོད།
ཀོང་པོ་རྒྱ་མདའ་རྫོང་ལ་རང་བྱུང་ཐོན་ཁུངས་རྩ་ཆེན་མང་པོ་ཡོད་པ་དང་། མངའ་ཁོངས་ཀྱི་རྒྱ་ཁྱོན་གསུམ་ཆ་གཉིས་ཙམ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ངམ་ཡང་ན་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པས། བོད་ཕག་གསོ་ཚགས་ཐོན་ལས་ཚད་བཀག་མེད་པར་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་ན་འགྲིག་ཐབས་མེད།
མ་དངུལ་བཏང་ནས་བཤས་ར་དང་། ལས་སྣོན་ས་ཚིགས། ཟོག་འགྲེམས་ཁུལ་སོགས་བསྐྲུན་ནས་ཐོན་ལས་སྦྲེལ་ཐག་གི་རྣམ་གྲངས་ཁ་གསབ་དང་། ཞིབ་དཔྱད་ཚད་ལེན་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་འཆར་འགོད་ནང་འདྲེན། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་བཟོ་ཁང་ཚད་ལྡན་བསྐྲུན་པ་ནས། བོད་ལྗོངས་ཅིན་ཧྭ་བཟའ་བཅའ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཝོ་ཡེ་ཁེ་ལས་ཚད་ཡོད་ཀུང་སི་སོགས་ནང་འདྲེན་བྱེད་པའི་བར། དུས་ཡུན་རིང་པོའི་འཚོལ་ཞིབ་ཁྲོད་ཀོང་པོ་རྒྱ་མདའ་རྫོང་གི་བོད་ཕག་གསོ་ཚགས་ཐོན་ལས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱིད་ཀ་ཤར་ཏེ། ཐོན་ཁུངས་ལ་སྲུང་སྐྱོང་གང་ལེགས་བྱེད་པའི་རྨང་གཞིའི་འོག་བོད་ཕག་གསོ་ཚགས་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།
ཀོང་པོ་རྒྱ་མདའ་རྫོང་གིས་ཕག་པ་གསོ་ཚགས་ཁོ་ན་བྱེད་པ་ནས་ཟུར་སྣོན་རིན་ཐང་ཆེ་བའི་བོད་ཕག་ཐོན་རྫས་ལས་སྣོན་བྱེད་པའི་བར་རྒྱ་སྐྱེད་བཏང་བས། བོད་ཕག་ཐོན་ལས་འཕེལ་རྒྱས་བཏང་བ་དེས་ཀྱང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁག་གཅིག་བོད་ཕག་གསོ་ཚགས་དང་ཐོན་རྫས་ལས་སྣོན་སོགས་ལས་ཀར་ཞུགས་ཐུབ་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད།