གཞིས་རྩེ་གྲོང་ཁྱེར་གྱིས།
2023ལོའི་འབྲོག་ལས་ཐོན་སྐྱེད་ཀྱི་དམིགས་ཚད་དོན་འཁྱོལ་ཧུར་ཐག་བྱེད་པ།
ཉེ་ཆར་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གྱི་2023ལོའི་འབྲོག་ལས་ཐོན་སྐྱེད་ཀྱི་དམིགས་ཚད་གཤམ་སྤྲོད་བྱས་པ་དང་། འཆར་གཞི་ལྟར་ན་འདི་ལོ་ཚུན་དུ། ཤ་རིགས་དང་དཀར་ཆུའི་ཐོན་ཚད་ཏུན་ཁྲི་17.28བཏོན་རྩིས་ཡོད་ཅིང་། དེའི་ནང་ཤ་རིགས་ཐོན་ཚད་ཏུན་ཁྲི་4.2དང་། དཀར་ཆུའི་ཐོན་ཚད་ཏུན་ཁྲི་13.08 སྒོ་ངའི་ཐོན་ཚད་ཏུན་850བཅས་ཚུད་ཡོད་པ་དང་། ཕྱུགས་རིགས་རྒྱུད་པ་ལེགས་བཅོས་བྱེད་ཚད་མགོ་གྲངས་ཁྲི་12.5ཟིན་པར་བྱས་ནས་ཕྱུགས་རིགས་རྒྱུད་བཟང་ཁྱབ་ཚད་46%དང་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱ་ཁྱོན་མུའུ་ཁྲི་16.09ཟིན་པ་བྱེད་རྒྱུ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་གྲོང་ཁྱེར་དེའི་ཕྱུགས་རིགས་ལག་ཡོད་མགོ་གྲངས་ཁྲི་515.84དང་། ཕྱུགས་ཕྲུག་མགོ་གྲངས་ཁྲི་64.6 ཕྱུགས་ཕྲུག་གསོན་ཚད་མགོ་གྲངས་ཁྲི་60.21ཡན། གསོན་ཚད་93.2% ཕྱུགས་རིགས་སྣ་ཚོགས་བཤས་གཏོང་ཚད་མགོ་གྲངས་ཁྲི་13.5བཅས་ཟིན་ཡོད། ཤ་རིགས་ཐོན་ཚད་ཏུན་3800དང་། དཀར་ཆུའི་ཐོན་ཚད་ཏུན་ཁྲི་2.6 སྒོ་ངའི་ཐོན་ཚད་ཏུན་172.76 ལག་ཡོད་བྱ་དེ་ཁྲི་36བཅས་ཟིན་ཡོད་པ་རེད།
སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིང་འབྲེལ་སྡེ་ཚན་གྱིས་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་དང་སེལ་བར་ཤུགས་བརྒྱབ་ནས“སྔ་ཙམ་ནས་ཉེན་ཟོན་ཉེན་བརྡ་གཏོང་བ་དང་། སྔ་ཙམ་ནས་ཇུས་འགོད་བྱེད་པ། སྔ་ཙམ་ནས་བྱ་སྤྱོད་སྤེལ་བ”བཅས་ཀྱི་བླང་བྱ་གཞིར་བཟུང་། གནམ་གཤིས་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་། གནོད་འཚེ་སྔོན་འགོག་དང་སེལ་བའི་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་བྱས་ཏེ། གནོད་འཚེ་སྔོན་འགོག་དང་སེལ་བའི་གཟན་རྩྭ་གསོག་འཇོག་དང་ཕྱུགས་རིགས་སྐྱས་སྤོ་སོགས་ཀྱི་ལས་དོན་དུས་ཐོག་ཏུ་ཡག་པོ་བསྒྲུབས་ཡོད། མིག་སྔའི་བར། གནོད་འཚེ་སྔོན་འགོག་དང་སེལ་བའི་གཟན་རྩྭ་ཏུན་17569.28དུས་ཐོག་ཏུ་རྫོང་དང་ཆུས་ཁག་ལ་བགོ་བཤའ་བརྒྱབ་ཟིན་པ་རེད།
དེ་དང་དུས་མཚུངས། མི་ཕྱུགས་མཉམ་འགོའི་ནད་སྔོན་འགོག་དང་ཚོད་འཛིན་ཧུར་ཐག་བྱས་ཏེ། 《2023ལོའི་ཐེངས་དང་པོའི་ནད་གཞི་གཉིས་ཀྱི(པུ་ལུའུ་ཧྲིའི་འབུ་ཕྲའི་ནད་དང་འདུས་འདྲིལ་གཅོང་ནད)ལྟ་ཞིབ་མ་དཔེ་བསྡུ་ལེན་གྱི་ཇུས་གཞི》བཟོས་ནས་བཀྲམ་པ་དང་། ནད་གཞི་གཉིས་ཀྱི(པུ་ལུའུ་ཧྲིའི་འབུ་ཕྲའི་ནད་དང་འདུས་འདྲིལ་གཅོང་ནད)གནས་སྐབས་ལྟ་ཞིབ་ལ་ནད་འབུའི་མ་དཔེ་53བསྡུ་ལེན་དང་ཞིབ་དཔྱད་ཚད་ལེན་གྱི་ལས་འགན་ལེགས་སྒྲུབ་བྱས་པ་རེད།
གཞན་ཡང་། ད་དུང་གྲོང་ཁྱེར་དེས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱ་ཁྱོན་ཆེ་རུ་བཏང་སྟེ། 2023ལོར་ཁང་པའི་རྒྱབ་མདུན་དང་། དགུན་དུས་ལྷས་ར་དང་དབྱར་དུས་རྩྭ་ཐང་གི་རྩྭ། བསྐྱར་འདེབས་གཟན་རྩྭ་ཐོན་ལས་འཕེལ་རྒྱས་བཅས་ཁ་གསབ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་8592གཤམ་སྤྲོད་བྱས་ནས། ཡུག་འབྲེལ་མི་ཐབས་ལ་བརྟེན་པའི་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་4.59དོན་འཁྱོལ་བྱ་རྒྱུ་བཀོད་སྒྲིག་དང་། ཁང་པའི་རྒྱབ་མདུན་དུ་གཟན་རྩྭ་མུའུ་ཁྲི་11.5བསྐྱར་འདེབས་བྱས་པ་རེད། དེ་དང་དུས་མཚུངས། 2022ལོ་འཁོར་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་སྒྲུབ་དང་། རྫོང་དང་ཆུས་ཁག་ལ་2023ལོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྒོར་དུང་ཕྱུར་6.64སྤྲད་ཡོད་པ་རེད།