དབུ་ཤོག>ཞིང་འབྲོག་གསར་པ།
  • སྡོད་མལ་དང་ལས་གཏོད་ལ་འཚམ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས།

    རང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-26

    ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས“ཐོན་སྐྱེད་གོང་འཕེལ་དང་། ལྟོ་གོས་འཛོམས་པ། ཡུལ་སྲོལ་བཟང་བ། གྲོང་ཚོ་བཀོད་གཙང་། བདག་གཉེར་དམངས་གཙོ”བཅས་ཀྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྡོད་མལ་དང་ལས་གཏོད་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བཏོད་པ།

    གྲལ་སྟར་འགྲིག་པའི་བོད་བཟོའི་སྒོ་ར་དང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ར་སྐོར། ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་སོགས་ཡོད་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བརྒྱད་གཅིག་ཁྲོམ་གཞུང་གི་ཡུལ་མཇུག་གྲོང་ཚོར་སྐྱོད་སྐབས་མཛེས་སྡུག་དང་ཞི་མཐུན་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་མིག་ལམ་དུ་འཆར་བ་དེ་ནི་བྲག་ཡིབ་ཆུས་ཀྱིས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་བྱས་པའི་བསྡུས་རིས་ཤིག་རེད།

    ཡུལ་མཇུག་གྲོང་ཚོ་ནི་རྣམ་གྲངས་དེའི་ཚོད་ལྟའི་གྲོང་ཚོ་ཁག་དང་པོའི་གྲས་ཤིག་ཡིན་ཞིང་། འཛུགས་སྐྲུན་རྣམ་གྲངས་ནང་ཆུ་མཁོ་འདོན་དང་ཆུ་འབུད་ལས་གྲྭ་སྒྱུར་བཀོད་དང་། ཨར་དམ་ལམ་གདིང་བ། གློག་དྲ་སྒྱུར་བཀོད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ར་སྐོར་མཛེས་བཟོ་སོགས་ཁོར་ཡུག་རྣམ་པ་སྒྱུར་བཀོད་བྱེད་པ་ཚུད་ཡོད།

    “དེ་སྔ་གྲོང་ཚོའི་ལམ་ཚང་མ་ས་རྡོའི་ལམ་ཡིན་པས་གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་། ཆར་པ་བབས་དུས་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། ད་དུང་ཆུ་དང་གློག་བརྟན་པོ་མེད་པས་འཚོ་བ་ཧ་ཅང་སྟབས་བདེ་པོ་མེད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཚུན། ས་རྡོའི་ལམ་ཁོད་སྙོམས་པའི་ཨར་འདམ་ལམ་བུར་གྱུར་ནས་གྲོང་ཚོར་ཆུ་ཀ་ལ་དང་གློག་དྲ་ཆེན་པོ་ཤར་གཏོང་ཐུབ་པ་མ་ཟད། ས་འོག་མདོང་ལམ་ཡང་ཤར་གཏོང་ཐུབ་ནས་ཁོར་ཡུག་ཡག་ཏུ་ཕྱིན་ཏེ་ང་ཚོའི་སྡོད་བབ་ཧ་ཅང་སྐྱིད་པོ་ཡོད”ཅེས་ད་ཆའི་གྲོང་ཚོའི་འཚོ་བའི་ཁོར་ཡུག་སྐོར་གླེང་སྐབས་ཡུལ་མཇུག་གྲོང་ཚོར་ལོ་20ལྷག་ཙམ་འཚོ་བ་བསྐྱལ་བའི་ཚེ་རིང་དབང་འདུས་ཀྱིས་མྱོང་ཚོར་ཟབ་མོས་བརྗོད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མ་དངུལ་དང་། རྣམ་གྲངས། ས་ཞིང་། དངུལ་རྩ་སོགས་རོགས་སྐྱོར་སྲིད་ཇུས་ཁག་འཐུས་སྒོ་ཚང་དུ་བཏང་སྟེ“གསང་སྤྱོད་གསར་བརྗེ”དང་། ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་རུབ་བརྒྱུད་འདྲེན། བཙོག་ཆུ་གཙང་གསིང་སོགས་འབད་འཐབ་བྱེད་ས་གཙོ་བོར་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞན་ཆ་སེལ་ཏེ་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་བས། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་ལོ་མཇུག་བར་བོད་ཀྱིས་ཞིང་འབྲོག་ཁུལ་གྱི་དུད་ཚང་ལ་གསང་སྤྱོད་ཁྲི་33.56སྒྱུར་བཀོད་བྱས་པ་དང་ཁྱབ་ཚད་62.35%ཟིན་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བས་གཙང་སྦྲ་དོད་པའི་གསང་སྤྱོད་སྤྱོད་ཐུབ་ཡོད།

    དེ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་རུབ་དང་། བརྒྱུད་འདྲེན། གཙང་སེལ་བཅས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་དང་གཙང་སེལ་མ་ལག་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་92.7%ཟིན་ཡོད། ཞིང་འབྲོག་ཁུལ་གྱི་གད་སྙིགས་དང་བཙོག་ཆུ་གཙང་གསིང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་སྤྱི་པའི་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད།

    ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་བྱས་པ།

    ལྷ་ས་གྲོང་ཁྱེར་གཙང་རྟོགས་ཤང་ཆ་གྲོང་ཚོས་བོད་ཀྱི་དྲི་ཞིམ་རྩྭ་ཐོན་སྐྱེད་ལས་སྣོན་བྱེད་པ་ནི་གྲོང་ཚོ་དེའི་ཁྱད་ལྡན་ཐོན་ལས་ཤིག་རེད། དྲི་ཞིམ་རྩྭ་དེ་དག་ནི་ས་བབ་མཐོ་ཚད་སྨི་4100ཡན་ཟིན་པའི་དགའ་ལྡན་དགོན་པའི་རི་ལྡེབས་ཀྱི་དགའ་ལྡན་མཁན་པ་ཡིན་པ་དང་དེར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། 1995ལོ་ནས་བཟུང་གྲོང་མིས་དྲི་ཞིམ་རྩྭ་ལས་སྣོན་བྱེད་འགོ་ཚུགས་ཡོད།

    ཐོན་ཁུངས་དེར་བརྟེན་ནས་ཆ་གྲོང་ཚོའི་གྲོང་མིས་ལས་སྣོན་མཉམ་ལས་ཁང་བཙུགས་པ་མ་ཟད། ད་དུང“དབང་པོ་རི་མཁན་པའི”ཚོང་རྟགས་ཀྱང་ཐོ་འགོད་བྱས་ཡོད། ཕྱིས་སུ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཟླ་བ་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་མཉམ་ལས་བྱས་ཏེ་མཉམ་ལས་ཁང་གི་རྨང་གཞིའི་ཐོག་བོད་ལྗོངས་དབང་པོ་རི་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་པ་དང་། ད་ཆ་ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད་པས། ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་200ཟིན་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

    ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་ཚུན་ཀུང་སི་དེས་དུད་ཚང་དབུལ་པོ་ལས་ཞུགས་ཐུབ་པ་བྱས་ནས་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་40ལ་སྐུལ་ཁྲིད་བྱས་པ་དང་མི་139དབུལ་སྒྲོལ་ཐུབ་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མ་བཅོས་རྒྱུ་ཆ་འདང་ངེས་འགན་ལེན་བྱ་ཆེད། ཀུང་སི་དེས་ད་དུང་དགའ་ལྡན་མཁན་པ་མི་ཐབས་ལ་བརྟེན་ནས་འདེབས་གསོ་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱས་པས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེ་རུ་ཕྱིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ནས་དང་། ནོར། ལུག སྔོ་ཚལ། དཀར་ཆུ། གཟན་ཆག བོད་ཕག བོད་བྱ། ཇ། རྒུན་འབྲུམ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་དམིགས་ཏེ་སྐྱེས་ཁམས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་ཚད་ལྡན་རིམ་སྤོར་གྱི་བྱ་སྤྱོད་སྤེལ་བ། ཁྱིམ་ཚང་ཞིང་འབྲོག་ར་དང་གྲོང་གསེབ་གནས་ཚང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཐོན་ལས་རྟེན་གཞི་གསར་སྐྲུན། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བཅས་བྱས་ནས་གསར་དར་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ཞིང་འབྲོག་ཁུལ་དར་རྒྱས་དང་། ཞིང་འབྲོག་ལས་ཀྱི་སྤུས་ཚད་ལེགས་སུ་ཕྱིན་པ། ཞིང་འབྲོག་པར་འབབ་འཕར་བྱུང་བ་བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཐོན་ཡོད་པ་རེད།

    2022ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ཞུགས་མཁན་ཞིང་འབྲོག་དུད་ཚང་ཁྲི་30ཙམ་དང་མི་ཁྲི་120ཟིན་ཡོད། ལྗོངས་ཡོངས་སུ་མ་རྩ་སྒོར་ཁྲི་བརྒྱ་ལས་བརྒལ་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་734ཡོད་པའི་ནང་མ་རྩ་སྒོར་ཁྲི་སྟོང་ལས་བརྒལ་བའི་ཁེ་ལས་81ཡོད། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཁྱིམ་ཚང་ཞིང་འབྲོག་ར་165དང་9264སོ་སོར་ཟིན་ནས་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད་པ་རེད།

    ཡ་རབས་སྲོལ་གསར་བཏོད་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་སྐུལ་སློང་གིས་ཁྱིམ་ཚང་གི་ནང་ལས་ཀྱི་གཙང་སྦྲའི་དཔྱད་བསྡུར་བྱེད་སྒོ་སྤེལ་བར་མང་ཚོགས་མང་པོ་ཧུར་ཐག་ཞུགས་ཡོད། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གྱི་བཅོས་སྒྲིག་ཕན་འབྲས་ཡག་པོ་ཡོད་པར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དུས་ཚིགས་ཀྱི་ཕན་འབྲས“ཡག་ཤོས་ཤང་གྲོང་བཅུའི”སྐོར་སྐྱོད་དར་དམར་ཐོབ་པ་རེད།

    ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གྱི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། དུས་དེབ། ཁྱུག་དབྱིངས་སོགས་ལ་བརྟེན་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། མང་ཚོགས་ལ་བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་རིམ་བཞིན་འཇགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་པ་དང་ཆབས་ཅིག མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་མང་ཚོགས་ཀྱི་རྟིང་ཤུགས་འཕེལ་བར་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་པའི་འདུ་ཤེས་འགྱུར་ལྡོག་འགྲོ་བར་རྒྱུན་མཐུད་སྐུལ་འདེད་དང་། གནའ་སྲོལ་དང་གོམས་གཤིས་ངན་པ་ལེགས་བཅོས། ཡ་རབས་ཀྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་པའི་དམངས་སྲོལ་འཛུགས་པ་བཅས་བྱས་ནས། གྲོང་གསེབ་ཀྱི་སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

    ད་ཆ། བྱང་རྩྭ་ཐང་ནས་བོད་ལྷོ་དང་། “གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ནས་མངའ་རིས་ས་མཐོའི་བར། སྟག་ལུང་གྲོང་རྡལ་ཆུ་ལུང་གྲོང་ཚོ་ལྟར་སྔོན་ཐོན་བརྩོན་ལེན་གྱི་གྲོང་ཚོ་ཇེ་མང་དུ་ཕྱིན་ནས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་ཡ་རབས་སྲོལ་གསར་འཛུགས་རྒྱུ་དེ་རིམ་བཞིན་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པའི་བརྒྱུད་རིམ་ཁྲོད་ཁོང་ཚོའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་དང་། འཇོན་ཐང་ཆེ་རུ་ཕྱིན་པ། ཐོན་སྐྱེད་འཕེལ་རྒྱས་ཕྱིན་པ་བཅས་བྱུང་ནས། ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།