དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཡིད་དབང་འཕྲོག་པའི་གྲོང་གསེབ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས།

    —— ཧྲའོ་ཤིང་ཕོ་ཐང་གྲོང་ཚོར་བརྟག་ཞིབ་བྱས་པའི་སྐོར་གྱི་ཟིན་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-16

    ཧྲུའུ་ཅི་ལུའོ་ལགས་ཐོག་མར་ཐུག་སྐབས་ཁོང་ཇ་འཐུང་བཞིན་པའི་གྲོང་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་འདུག “དེང་སང་ནང་མི་ཚང་མ་བདེ་པོ་ཡིན་ནམ”“ཚོང་ཡག་པོ་འདུག་གམ”ཞེས་འདི་ལོ་ལོ་50ལ་སླེབས་པའི་ཁོང་གིས་འཛུམ་དམུལ་དམུལ་ངང་གྲོང་མིར་དེ་ལྟར་དྲིས།

    ཧྲུའུ་ཅི་ལུའོ་ལགས་ཀྱི་མིང་ཆ་ཚང་ལ་ལུའོ་གོ་ཧའེ་ཞེས་བརྗོད་པ་དང་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་གཡོད་ཁྲེང་ཁུལ་ཕོ་ཐང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན། ཁོང་གིས་བསྟན་གནང་བའི་པར་རེ་རེ་ལས་གྲོང་ཚོ་ཆུང་ཆུང་དེ་ཇི་ལྟར་བྱས་ཏེ་རྗེས་ལུས་ཀྱི་གྲོང་ཚོ་ཞིག་ནས་གྲོང་མིའི་སེམས་ནང་གི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་རིམ་གྱིས་གྱུར་པ་གསལ་པོར་ཤེས་ཀྱི་ཡོད།

    “ཁྱེད་རང་གཟིགས་དང་དེ་ནི་སྒྱུར་བཀོད་མ་བྱས་གོང་གི་ལམ་རེད”ཅེས་ཧྲུའུ་ཅི་ལུའོ་ལགས་ཀྱིས་བཅོས་སྒྲིག་མ་བྱས་གོང་གི་ཕོ་ཐང་སྲང་ལམ་རྙིང་པའི་པར་དེ་བསྟན། ཁོང་གིས“སྐབས་དེ་དུས་ང་ཚོའི་གྲོང་ཚོར་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་དང་སྒྲིག་འགལ་ཨར་སྐྲུན་གང་སར་མཐོང་རྒྱུ་ཡོད། ང་ཚོའི་གྲོང་ཚོའི་གཙང་སྦྲ་ཁོར་ཡུག་ཀྱང་སྲང་ལམ་ཚང་མའི་ཁྲོད་ནས་བཙོག་ཤོས་ཡིན་པས། གཡོད་ཁྲེང་ཁུལ་གྱི་རྗེས་ལུས་གྲོང་ཚོའི་གྲས་ཤིག་ཡིན། དེར་བརྟེན་སྤྱི་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་རྒྱུ་དེ་ང་ཚོའི་མིག་སྔའི་ལས་འགན་ཨང་དང་པོ་དེ་རེད”ཅེས་བཤད།

    “ལས་གྲྭ་ཁྲི་སྟོང”རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་སྦྲགས། 2015ལོ་ནས་བཟུང་ཕོ་ཐང་གྲོང་ཚོའི་གཤམ་འོག་གི་ཕོ་ཐང་དང་། ཡུན་སུང་། དབྱིན་ཅ་ཐན། ཁྲེང་ཐང་བཅས་རང་བྱུང་གྲོང་ཚོ་བཞིར་སྤྱི་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་འགོ་ཚུགས་པ་དང་། 2018ལོར་ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ཏེ། སྒྲིག་ཆས་འཐུས་ཚང་དང་གྲོང་ཚོའི་བཀོད་པ་ལེགས་སུ་བཏང་ཡོད།

    ལོ་གཅིག་རིང་བཅོས་སྒྲིག་བྱས་པ་བརྒྱུད། ཕོ་ཐང་སྲང་ལམ་རྙིང་པར་སྨི་ངོས་གྲུ་8000ལྷག་ཟིན་པའི་སྡོད་ཁང་རྙིང་པ་དང་སྒྲིག་འགལ་ཨར་སྐྲུན་བཤིག་ནས་ཁང་པ་གསར་པ་གྲལ་སྟར་སྒྲིག་པོས་བརྒྱབ་ཅིང། དེ་སྔོན་ཐལ་རླུང་འཚུབ་པའི་ལམ་རྙིང་པ་དག་རྒྱ་ཆེ་ལ་དཀར་ཆ་དོད་ཞིང་ཧ་ཅང་གཙང་བའི་སྣུམ་ནག་ལམ་དུ་གྱུར་པ། དྲི་ངན་གང་སར་ཁྱབ་པའི་གད་སྙིགས་དབྱུགས་ས་ཡང་མཐོང་རྒྱུ་མེད་པར་སྔོ་ལྗང་ལྗོན་ཤིང་བཏབ་ནས་གང་སར་སྔོ་ཐིང་ཐིང་དུ་གྱུར་ཏེ“ཕོ་ཐང་གསར་རྐྱང”ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།

    2020ལོའི་ལོ་མཇུག་ནས་བཟུང་། ཕོ་ཐང་གྲོང་ཚོས“སྒྱུ་རྩལ་གྱིས་གྲོང་གསེབ་ལ་སྒུལ་ནུས་སྣོན་པ་དང་རིག་གནས་ཀྱིས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ”ཞེས་པ་བསམ་ཕྱོགས་སུ་བྱས་ནས། གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་འགོ་ཚུགས་པ་རེད།

    གྲོང་ཚོའི་སྲིད་གཙང་རིག་གནས་དང་། གསར་བརྗེའི་རིག་གནས། ཇའི་རིག་གནས་སོགས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ཏེ། ཅིན་ཙེ་ཏིང་གི་སྔོན་གཤེགས་དཔའ་བོའི་བཞུགས་གནས་རྙིང་པ་སླར་གསོ་དང་སྲིད་གཙང་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་གི་མེ་ཏོག་པད་མའི་ཚལ་དང་གྲོང་གསེབ་རྟེན་མཛོད་ཁང་སོགས་བསྐྲུན་ནས“ཉམས་འགྱུར་ལྡན་པའི་ཕོ་ཐང”རིམ་གྱིས་མངོན་ཡོད།

    ཡུལ་སྲོལ་དར་བ་དང་གྲོང་གསེབ་ལ་སྒྱུ་རྩལ་གྱི་རྣམ་པ་སྣོན་ཆེད། ཕོ་ཐང་གྲོང་ཚོས་ས་གནས་ཁག་གི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་གྲོང་གསེབ་དུ་བཅའ་སྡོད་བྱེད་པར་གདན་དྲངས་ནས། “སྒྱུར་བཀོད་ཆུང་ངུ་དང་གནད་སྨིན་མཐོར་གཏོང”བྱས་ཏེ། གྲོང་ཚོའི་སྒོ་ར་རྙིང་པ་དང་། སྡོད་ཁང་རྙིང་པ། བཟོ་ཁང་རྙིང་པ་བཅས་ལ“གཞི་ཁྱོན་ཆུང་ངུ་དང་རིམ་སྤེལ་རྣམ་པའི”སྒྱུ་རྩལ་ཅན་གྱི་སྒྱུར་བཀོད་ཀྱིས། གྲོང་གསེབ་ཀྱི་རྟེན་མཛོད་ཁང་དང་། གྲོང་གསེབ་ཀྱི་སྒྱུ་རྩལ་ཁང་། ལྗོན་ཤིང་དཔེ་ཁང་སོགས་རིག་གནས་སྒྱུ་རྩལ་གྱི་བར་མཐོངས་ལ་བཏོད་པས། ཕོ་ཐང་གྲོང་ཚོ་སྐད་གྲགས་ཆོད་ནས། “ཐོན་ལས་དར་ཏེ་མི་སེར་ཕྱུག་འགྱུར་ལ་སྐུལ་ཁྲིད་དང་མི་སེར་ཕྱུག་པོ་ཆགས་ནས་གྲོང་ཚོ་དར་རྒྱས་ལ་སྐུལ་འདེད་གཏོང་བའི”འཁོར་རྒྱུག་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    བདེ་ཞིང་འཁོད་སྙོམས་པའི་གྲོང་གསེབ་ཀྱི་གཞུང་ལམ་དང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་སོགས་ནི་ད་ཆའི་ཕོ་ཐང་གི་རྣམ་པ་ཡིན་པ་དང་། གྲོང་མི་འབྱོར་ཕྱུག་དང་། བདེ་སྡོད་ལས་བརྩོན། ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་ནི་འཕེལ་རྒྱས་འགྲོ་བཞིན་པའི་ཕོ་ཐང་གི་གྲུབ་འབྲས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།