དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྱད་ལྡན་ཐོན་ལས་གསེར་གྱི་ལྡེ་མིག་གིས་། གྲོང་གསེབ་དར་རྒྱས་སྒོ་འཕར་ཡངས་པོར་ཕྱེ།

    —— འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོས་ལུག་གསོ་ཚགས་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-16

    གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་ནི་འགག་རྩ་རེད། ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ནས། ལུག་གི་དུས་ཐུང་སྡོམ་གསོ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཕྱུག་པོའི་ལམ་དུ་འཁྲིད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལུག་གསོ་ཚགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ལུག་ལ་བརྟེན་ནས་དཔལ་འབྱོར་སྟོབས་ཆེར་གཏོང་བ། ལུག་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་མྱུར་ཚད་མགྱོགས་སུ་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་རྒྱལ་སྨན་ཤང་གིས་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པའི་དམིགས་ཚད་ལ་གཞིགས་ཏེ། གྲོང་ཚོ་ཁག་གི་དོན་དངོས་ལ་གཞི་ཚུགས་པ་དང་། གནད་སྨིན་ཇུས་བསྟར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རང་བརྟེན་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་ཐད་བསམ་བློ་གཏོང་བ་དང་། འབད་བརྩོན་བྱེད་པ། ལས་དོན་སྒྲུབ་པ་བཅས་བྱས་ཡོད། སྤུན་གསུམ་གྲོང་ཚོའི་ལུག་གསོ་ཚགས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། ཤང་ཏང་ཨུད་ཀྱིས་ཚོགས་འདུ་ཐེངས་མང་འཚོགས་ནས་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་དང་། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་། གྲོང་ཚོའི་ལས་བྱེད་པ། ཞིང་འབྲོག་ཆེད་མི་སོགས་ལས་གྲུབ་པའི་ལས་དོན་གྱི་ཆེད་ལས་ཚན་ཁག་བཙུགས་ནས། མཉམ་ལས་ཁང་དུ་ཐེངས་མང་བསྐྱོད་དེ་བརྟག་ཞིབ་དང་། གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཀོད་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་གསལ་དུ་བཏང་བ་རེད།

    གཞན་ཡང་རྒྱལ་སྨན་ཤང་གིས་གོང་རིམ་ལས་སྒོའི་སྡེ་ཚན་དང་འབྲེལ་གཏུག་ཐེངས་མང་བྱས་ནས། རོགས་སྐྱོར་མ་དངུལ་སྒོར་ཁྲི་50རག་ཐབས་བྱས་ཏེ་ལུག་ཉོས་ནས་མཉམ་ལས་ཁང་སྟོབས་ཆེར་གཏོང་ཐུབ་པའི་བརྩོན་ལེན་བྱས་པ་མ་ཟད། ད་དུང་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྫོང་དུ་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པར་མངགས་ནས་སྲིད་ཇུས་དང་། ནོར་ཤུགས། ཤེས་ལྡན་པ་སོགས་ཀྱི་འདེགས་སྐྱོར་བརྒྱུད། མཉམ་ལས་ཁང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཀྱི“མྱུར་བགྲོད་ལམ”དུ་སྐྱོད་པར་རམ་འདེགས་བྱས་པ་རེད།

    འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྤུན་གསུམ་གྲོང་ཚོའི་ལུག་མཉམ་ལས་ཁང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། ད་ཆ་རྒྱུད་བཟང་ལུག་དང་དུས་ཐུང་སྡོམ་གསོ་བྱས་པའི་ལག་ཡོད་ལུག་མགོ་གྲངས་2100ཡོད་པ་དང་། 2022ལོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་66ཟིན་པའི་ནང་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་30ཟིན་པར་དེ་ནས་སྒོར་ཁྲི་13བགོ་འགྲེམས་བརྒྱབ་པ་ཕུད། དངུལ་ལྷག་མ་རྣམས་ཀྱིས་བཙས་འཁོར་གཉིས་ཉོས་པ་རེད། དབུལ་སྒྲོལ་དུད་ཚང་གི་ཡུལ་མི་ལས་ཞུགས་བརྟན་པོ་ཐུབ་ཆེད། མཉམ་ལས་ཁང་གིས་དབུལ་སྒྲོལ་དུད་ཚང་5ལ་ཕྱུགས་རྫི་སོགས་ཀྱི་ལས་ཀ་སྤྲད་པར་མི་རེར་ལོ་རེར་འབབ་འཕར་སྒོར་ཁྲི་2.4བྱུང་ཡོད། དབུལ་སྒྲོལ་དུད་ཚང་གི་ཡུལ་མི་རྒྱལ་སྒོར་གྱིས། ང་ད་ལོ་ལོ་55ཡིན། ཕྱུགས་འཚོས་ནས་ལོ་10ལྷག་ཙམ་ཕྱིན་འདུག དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ཏང་དང་སྲིད་གཞུང་གིས་ངའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་གནང་བས། ང་རང་ཡང་དུད་ཚང་དབུལ་པོའི་ཡུལ་མི་ཞིག་ནས་ཡོང་འབབ་བརྟན་པའི་ལུག་རྫིར་གྱུར་སོང་ཞེས་བརྗོད།

    ད་ཆ་ལུག་མཉམ་ལས་ཁང་གིས་ཞིང་འབྲོག་མང་ཚོགས་དེ་བས་མང་པོའི་འབབ་འཕར་བརྟན་པོར་སྐུལ་ཁྲིད་བྱེད་བཞིན་ཡོད། སྤུན་གསུམ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་ཡིད་ཆེས་ཆེན་པོས། ང་ཚོས་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། མཉམ་ལས་ཁང་གི་དོ་དམ་ལ་ཤུགས་སྣོན། མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཆེ་རུ་དང་སྐྱིད་ཚོར་སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།