ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་འབྲོག་ལས་ཐོན་ལས་ལམ་བུ་ཡངས་སུ་བཏང་ནས་འབབ་འཕར་གྱི“སྒུལ་ཤུགས་གསར་པ”བཏོད་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་འབྲོག་ལས་རྐྱང་པའི་རྫོང་གི་དོན་དངོས་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་འབྲོག་ལས་དེ་དམངས་ཕྱུག་དམངས་སྟོབས་ཀྱི་འཐབ་ཇུས་གཙོ་ཁྲིད་ཐོན་ལས་དང་གྲོང་གསེབ་དར་རྒྱས་ཀྱི“ཐོན་ལས་ཨང་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་བས་འབྲོག་ལས་དང་། གསོ་ཚགས། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྙན་རོང་རྫོང་གིས་རྫོང་ཡོངས་ཀྱི་འབྲོག་ལས་ཀྱི་རྨང་གཞིའི་ཐོན་ཁུངས་དང་། རྩྭ་ར། མ་དངུལ། ཤེས་ལྡན་མི་སྣ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཐོན་ལས་དཔེ་སྟོན་རྟེན་གཞི་དང་། སྣེ་འདྲེན་ཁེ་ལས། འབྲོག་ལས་ཀྱི་རྣམ་གྲངས་གལ་ཆེན་བཅས་སུ་ཕྱོགས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་ནས“གཞི་ཁྱོན་ཆུང་བ་དང་ཚོགས་སྤྱི་ཆེ་བའི”གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་གྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། 2021ལོ་ནས་བཟུང་སྙན་རོང་རྫོང་གིས་དཀར་ཕྱོགས་འབྲོག་ལས་དཔེ་སྟོན་རྟེན་གཞི་ལྟེ་བར་བྱས་ཏེ་ཤང་དང་གྲོང་རྡལ་བཅུའི“ཤང་རེ་དང་མཉམ་ལས་ཁང་རེ་དང་། གྲོང་ཚོ་རེ་དང་མཉམ་ལས་ཁང་རེ” དེ་བཞིན་འབྲོག་དུད་ཀྱིས་མཉམ་དུ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཚགས་ཤ་དང་། འོ་མ། མར་སོགས་གཅིག་གྱུར་ཉོ་སྒྲུབ་དང་འབོར་གྲངས་བཞིན་ཐོན་སྐྱེད་ལས་སྣོན་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་འབྲོག་ལས་ཐོན་ལས་ཀྱི་མཐའ་ཚད་སྲུང་བའི་རྨང་གཞིའི་ཐོག་ཆུ་ཚན་གྱི་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་གཏིང་ཟབ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་ཁ་གསབ་བྱས་ཏེ་ཐོན་ལས་སྣ་མང་ཅན་གྱི་འཕེལ་རྒྱས་ཐབས་ལམ་བཏོད་ཡོད། ཉི་མ་ཤང་གི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་རྣམ་གྲངས་2023ལོའི་ཟླ་3པར་དངོས་སུ་ལས་འགོ་ཚུགས་ཚུན། འབབ་འཕར་སྒོར་ཁྲི་41ལྷག་ཙམ་བྱུང་ནས་ས་གནས་དེ་གའི་མང་ཚོགས་16ལས་ཞུགས་ལ་ཐད་ཀར་སྐུལ་ཁྲིད་བྱས་པ་དང་། དུད་ཚང་100དང་མི་417ལ་འབབ་འཕར་ཡོང་བར་གཞན་བརྒྱུད་སྐུལ་ཁྲིད་བྱས་ཡོད། ལྗོངས་ཕྱིའི་ཕྱིར་ཚོང་ཐབས་ལམ་སྲ་བརྟན་དང་རྒྱ་སྐྱེད་གཏིང་ཟབ་གཏོང་བའི་རྨང་གཞིའི་ཐོག 2023ལོའི་ཟླ་2པར་ལྷ་ས་དང་ནག་ཆུའི་དཀར་ཕྱོགས་འབྲོག་ཟོག་ཕྱིར་ཚོང་ཁང་2བཙུགས་ཡོད། མིག་སྔར་ཕྱིར་ཚོང་དངུལ་ཁྱོན་བསྡོམས་སྒོར་ཁྲི་61ལྷག་ཙམ་ཟིན་ནས་ས་གནས་དེ་གའི་མང་ཚོགས་8ལས་ཞུགས་ཐུབ་ཡོད།
སྙན་རོང་རྫོང་གིས་འབྲོག་ཟོག་ལེགས་སུ་གཏོང་རྒྱུར་དམིགས་ནས“སྙན་རོང་ཁྲ་འུ་ལའི་འབྲི་གཡག”དང་། “སྙན་རོང་གི་ཞོ” “སྙན་རོང་གི་ལ་ལ”སོགས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོན་རྫས་6གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། “སྙན་རོང་ཁྲ་འུ་ལའི་འབྲི་གཡག”དེ་ཞིང་ལས་གྲོང་གསེབ་པུས་སྤུས་ལེགས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་ཆེན་པོ་བཅུའི་གྲས་སུ་བདམས་པ་རེད།
སྤུས་ལེགས་དང་དམིགས་བསལ་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་ཆེད། སྙན་རོང་རྫོང་གིས་ཁྲ་འདམ་ཤང་དགའ་ལ་འབྲོག་རར་ས་ཁོངས་ཀྱི་ཚན་རྩལ་མཐུན་སྦྱོར་གསར་གཏོད་རྣམ་གྲངས་ལག་ལེན་བསྟར་ཞིང་། ཁྲ་འུ་ལའི་འབྲི་གཡག་གི་ལྟེ་བའི་ཁྱུ་ཚོགས་ལྟེ་བར་བྱེད་པ་དང་། རྒྱུད་སྤེལ་གསོ་ཚགས་ར་བ་རྒྱ་སྐྱེད་གཏོང་རྒྱུ་ལྟེ་བར་བྱེད་པ། སྣེ་འདྲེན་ཁེ་ལས་སྐར་ཁུང་དུ་བྱེད་པ་བཅས་བརྒྱུད་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲ་འུ་ལའི་འབྲི་གཡག་རྒྱུད་བཟང་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། ལག་རྩལ་འདུས་གྲུབ་དཔེ་སྟོན་བརྒྱུད། ཁྲ་འུ་ལའི་འབྲི་གཡག་གི་རྒྱུད་སྤེལ་གསོ་ཚགས་བྱེད་ཚད་བརྟན་པོ་འཕར་བ་དང་འབྲི་གཡག་གསོ་ཚགས་དོ་དམ་ཞིབ་ཚགས་ཅན་དང་ཆེད་ལས་ཅན་གྱི་འཕེལ་རྒྱས་ཕྱིན་ཡོད་པ་རེད།