བོད་ལྗོངས་ཞིང་ལས་མ་འཇོག་དོ་དམ་ཚོགས་པ་ཀུང་སིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོཌ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ལས་ཅན་གྱི་འཕེལ་རྒྱས་དང་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་སྲོལ་རྒྱུན་གྱི་འབྲོག་ལས་དེང་རབས་འབྲོག་ལས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་བས། འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
བོད་ལྗོངས་ཞིང་ལས་མ་འཇོག་དོ་དམ་ཚོགས་པ་ཀུང་སིའི་ཁོངས་གཏོགས་ཀྱི་འབྲོག་ལས་ཀུང་སིས་བོད་ཀྱི་ཡུལ་ལུག་དང་། འབྲི་གཡག ཡར་ཆབ་སྒོ་ཕྱུགས་བཅས་གཙོ་ཁྲིད་ཐོན་ལས་སུ་བྱས་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བཅས་ཀྱི་གསོ་ཚགས་རྟེན་གཞི་བཞི་གཉེར་སྐྱོང་དོ་དམ་བྱེད་ཀྱི་ཡོད།
རང་ལྗོངས་ཀྱི་མང་ཚོགས་ཚོར་བདེ་ཐང་གི་ཇ་ཡག་པོ་འཐུང་རྒྱུ་ཡོང་བ་བྱ་ཆེད། བོད་ལྗོངས་ཞིང་ལས་མ་འཇོག་དོ་དམ་ཚོགས་པ་ཀུང་སིའི་གཤམ་འོག་གི་ཞིང་ལས་མ་འཇོག་དོ་དམ་ཇ་ལས་ཀུང་སིས་བོད་ཀྱི་བདེ་ཐང་ཇ་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་བརྒྱུད་བདེ་ཐང་ཇ་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་གཏོང་གི་ཡོད་པ་རེད།
བོད་ཀྱི་བདེ་ཐང་ཇ་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་སུ“ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར”དང་། “བོད་ཀྱི་ཇ་རྟའི་ཚོང་ལམ་རིག་གནས” “བོད་ཇའི་རིག་གནས”སོགས་ཀྱི་ལེ་ཚན་བཏོན་ནས་བརྒྱུད་ལམ་སྣེ་མང་གི་བྱེད་ཐབས་སྤྱད་དེ་བོད་ཀྱི་བདེ་ཐང་ཇ་དང་། ཚན་རིག་དང་མཐུན་པའི་དབྱེ་འབྱེད། སྐོལ་སྟངས། བདེ་ཐང་ཇ(ཧྥུའུ་ཉུང་ཇ)འཐུང་བའི་འགྲེམས་སྟོན་འགྲེམས་ཚོང་སོགས་ཀྱི་ནང་དོན་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད། མིག་སྔར་བོད་ཀྱི་བདེ་ཐང་ཇ་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་སུ་ཧྥུའུ་ཉུང་ཇ་བག་ཆུང་རིགས་150ལྷག་ཙམ་འགྲེམས་སྟོན་འགྲེམས་ཚོང་བྱས་ནས་རང་ལྗོངས་ཀྱི་ཇ་འཐུང་མཁན་མང་ཚོགས་ལ་སྤུས་ཀ་ལེགས་ཤིང་གོང་ཁེ་བ་དང་ཟོག་ཁུངས་འབེལ་བའི་བདེ་ཐང་ཇ་མཁོ་འདོན་བྱས་ཡོད།
གཞན་ཡང་། བོད་ལྗོངས་ཞིང་ལས་མ་འཇོག་དོ་དམ་ཚོགས་པ་ཀུང་སིས་མ་དངུལ་བཏང་ནས་ཆུ་ཤུར་རྫོང་གི་བོད་བྱ་གསོ་སྤེལ་ཐོན་ཁུངས་ཀྱི་རྒྱུད་སྲུང་ར་བ་བསྐྲུན་པ་དང་རྣམ་གྲངས་དེས“ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། གསོ་ཚགས་དུད་ཚང་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་གནས་གཏན་འཁེལ་གྱི་ཆེད་དོན་མ་དངུལ་སྤྱད་དེ་བོད་བྱ་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བྱ་སྒོང་མཁོ་སྤྲོད་བྱེད་ནུས་ཆེ་རུ་བཏང་ཡོད།
མ་དངུལ་བཏང་ནས་བཟའ་བཅའ་ལས་སྣོན་ཞིབ་ཚགས་ཐོན་ལས་བསྐྲུན་ཞིང་། གཙོ་བོ་མེན་པའོ་དང་ཀེག་སོགས་ཆེད་སྤྱོད་གྲོ་ཞིབ་དང་། རྒྱུན་སྤྱོད་གྲོ་ཞིབ། ནས་འདྲེས་སྦྱོར་གྱི་འཚོ་བཅུད་ཕྱེ་མ་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། རྣམ་གྲངས་དེའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལས་གྲྭ་ད་ལྟ་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ་དང་། དུས་ཐེངས་དང་པོའི་སྒྲིག་ཆས་ཀྱི་གྲོ་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་དུ་ཚོད་ལྟ་བྱས་ཟིན་ནས་2023ལོར་སྔོན་དཔག་བྱས་ན་གྲོ་དང་ནས་ཏུན་2000ལྷག་ཙམ་ཉོས་ནས་དངོས་སུ་ཐོན་སྐྱེད་བྱེད་རྒྱུ་དང་། ཐོན་རྫས་གྲུབ་མའི་ཕྱེ་མ་ཏུན་1400ཙམ་དང་གྲོ་པགས་ཏུན་580ཙམ་ཐོན་སྐྱེད་བྱས་ནས་ཞིང་འབྲོག་པ་50ཡན་ལས་ཞུགས་བྱ་རྒྱུར་སྣེ་ཁྲིད་ཐུབ་རེ་ཡོད།
ད་ཆ་བོད་ལྗོངས་ཞིང་ལས་མ་འཇོག་དོ་དམ་ཚོགས་པ་ཀུང་སིས“ནས་དང་འབྲི་གཡག་སྣེ་འདྲེན་ཐོན་ལས་སུ་བྱས་པ་དང་བོད་ཀྱི་ཡུལ་ལུག་དང་། ཁུལ་ལྡན་ར། བོད་ཕག བོད་བྱ། ཇ་ལོ། ཤིང་འབྲས། སྔོ་ཚལ་བཅས་གཙོ་གནད་ཐོན་ལས་སུ་བྱེད་པའི”ཁྱད་ལྡན་ཞིང་འབྲོག་ཐོན་རྫས་མ་ལག་གི་ཕན་འབྲས་རིམ་བཞིན་མངོན་ཡོད།
བོད་ལྗོངས་ཞིང་ལས་མ་འཇོག་དོ་དམ་ཚོགས་པ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝང་ལིང་གིས། གོམ་སྟབས་རྗེས་མར་ཀུང་སིས“བོད་ཀྱི་ནས”དང་། “བོད་ཀྱི་རའི་ཁུ་ལུ” “བོད་ཀྱི་འབྲི་གཡག” “བོད་ཀྱི་སྤུས་ལེགས་ཇ”སོགས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཐད་མུ་མཐུད་ནུས་ཤུགས་འདོན་པ་དང་། ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་ཁེ་ལས་ཀྱི་སྤུས་རྟགས་ནུས་པ་འདོན་སྤེལ་བྱེད་པ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་ངང་སྐུལ་ཁྲིད་བྱེད་པ། ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། རང་ངོས་ཀྱི་ལེགས་ཆ་དང་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ཁུལ་བབ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ལས་འཁོར་འབྲེལ་ཧྲིལ་པོར་སྐུལ་འདེད་དང་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། ཁྲོམ་ཞུགས་ཁེ་ལས་ཀྱི་བྱེད་པོ་སྐྱེད་སྲིང་མགྱོགས་པོ་བྱེད་པ། རྐང་དབང་གྲུབ་ཆ་ལུགས་མཐུན་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་སུ་འགྲན་རྩོད་ནུས་པ་ལྡན་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སུ་འགྱུར་གང་ཐུབ་བྱེད་རྒྱུ་ཡིན་ཞེས་བཤད།