དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • “གསེར་མདོག་ཤིང་འབྲས”ཐོན་འབབ་བཟང་། ཞིང་པའི་གདོང་ལས་འཛུམ་མདངས་འཕྱུར།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་ཤིང་ཏོག་ཕི་ཕ་སྣ་ཁ་གསར་པ་འདེབས་འཛུགས་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བའི་སྐོར།

  •     སྤེལ་དུས།  2023-06-14

    “གངས་ལྗོངས་ཀྱི་སྦས་ལུང”ཞེས་གྲགས་པའི་མེ་ཏོག་རྫོང་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་1200ཙམ་ལས་མེད། དེ་གར་ཡོངས་ཁྱབ་ཏུ་ཚ་ཁུལ་བར་མའམ་ཚ་ཁུལ་གྱི་གནམ་གཤིས་བསྟན་གྱི་ཡོད་ལ་དུས་བཞིར་དྲོད་ཚད་མཐོ་ཞིང་ཆར་ཆུ་འབེལ་བ་མ་ཟད། གྲང་ངར་ཆེ་དུས་ཀྱང་ཟླ་བ་གཅིག་ལས་མེད་པ་དང་། དྲོད་ཚད་ཧྲེ་ཧྲི་ཏུའུ་10ཡན་ཟིན་གྱི་ཡོད།

    དེ་གའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཆ་རྐྱེན་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མེ་ཏོག་རྫོང་ལ་ཤིང་འབྲས་ཉིང་མོང་དང་། ངང་ལག ཚ་ལུ་མ། ཇ་ལོ་སོགས་སྐྱེས་པ་ཕུད། ད་དུང་ནང་འདྲེན་བྱས་པའི་ཤིང་འབྲས་པོ་ལུའོ་དང་། ཧོའོ་ལུང་ཀོ་སོགས་ཚ་ཁུལ་དང་ཚ་ཁུལ་བར་མར་སྐྱེས་པའི་དཔལ་འབྱོར་སྐྱེ་དངོས་ཀྱང་ཡོད་པར་བརྟེན། མིང་དོན་མཚུངས་པའི་ས་མཐོའི་ཚ་ཁུལ་ཤིང་འབྲས་ཐོན་ཁུལ་ཞིག་རེད།

    མེ་ཏོག་རྫོང་ལ་དཔལ་འབྱོར་ནགས་ཚལ་དང་ཤིང་འབྲས་ཀྱི་སྣ་ཁ་མང་པོ་ཡོད་ཀྱང་། ཡོངས་ཁྱབ་ཏུ་བཏབ་པ་དག་ཁ་ཐོར་ལ་ཉུང་བས་གཞི་ཁྱོན་གྲུབ་མེད། 2021ལོར་མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པ་མེ་ཏོག་རྫོང་གི་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་ཐེངས་མང་གདན་དྲངས་ཏེ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་བརྒྱུད། ཕི་ཕ་ཡིས་གཙོས་པའི་ཚ་ཁུལ་གྱི་དཔལ་འབྱོར་ནགས་ཚལ་འབྲས་ཤིང་འདེབས་དགོས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོཌ་བཏོན་ཡོད།

    2022ལོའི་ཟླ་དང་པོར་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལྡན་པའི་ནང་ཤ་དཀར་པོའི་ཕི་ཕ་སྣ་ཁ་གསར་པའི་སྡོང་པོ་ནང་འདྲེན་བྱས་ནས་མེ་ཏོག་རྫོང་ལ་བཏབ་པ་རེད།

    2023ལོའི་ཟླ་བཞི་པའི་ཟླ་འགོར། མེ་ཏོག་རྫོང་གིས་ནང་ཤ་དཀར་པོའི་ཕི་ཕ་སྣ་ཁ་གསར་པ་ནང་འདྲེན་དཔེ་སྟོན་གྱི་ས་གནས་ས་ཐོག་གི་དཔྱད་འདེམས་ཚོགས་འདུ་འཚོག་རིང་། བདེ་ཞིང་ཤང་བདེ་ཞིང་གྲོང་ཚོའི་ཕི་ཧྥ་འདེབས་འཛུགས་རྟེན་གཞིའི་ཕི་ཕ་སྡོང་པོ་ནས་བཀོག་མ་ཐག་པའི་གསེར་མདངས་རྒྱས་པའི་ཕི་ཕ་རྡོག་པོ་རེ་རེ་ཞིབ་བཤེར་བྱེད་མཁན་ལ་བསྟན་པ་རེད།

    ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་འབྲས་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་མེ་ཏོག་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅང་ཧྥན་གྱིས“ད་རེས་ནང་འདྲེན་བྱས་པའི་ནང་ཤ་དཀར་པོའི་ཕི་ཕ་སྣ་ཁ་གསར་པ་དེ་མེ་ཏོག་རྫོང་ལ་བཏབ་པ་ཧ་ཅང་འཕྲོད་པོ་བྱུང་ཡོད་ལ། དེའི་སྤུས་ཀའང་དེ་སྔ་མེ་ཏོག་རྫོང་ལ་གཙོ་བོར་འདེབས་པའི་ནང་ཤ་དམར་པོའི་ཕི་ཕ་སྣ་ཁ་རྙིང་པ་དེ་ལས་ཡག་པ་ཡོད་པས། ཁྱབ་གདལ་གཏོང་རིན་ཆེན་པོ་ཡོད”ཅེས་བཤད།

    མེ་ཏོག་རྫོང་ལ་གནམ་གཤིས་ཡག་པོ་ཡོད་ཀྱང་ས་ཁམས་ཀྱི་ཆགས་ཚུལ་དབང་གིས་ཚོད་འཛིན་ངེས་ཅན་ཕོག་མོད། ཡིན་ནའང་ས་གནས་དེ་གའི་ཕི་ཕ་བཏབ་པའི་དཔལ་འབྱོར་གྱི་ཕན་འབྲས་གང་ཆེ་ཐོན་པ་བྱ་ཆེད། སྣ་ཁ་གསར་པ་ནང་འདྲེན་བྱས་པ་ཕུད། མེ་ཏོག་རྫོང་གིས་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་མཉམ་ལས་བྱས་ནས་ལག་རྩལ་གསར་པ་སྟེ། ཇ་འདེབས་ར་བར་ལས་རིམ་ཧྲིལ་པོར་ཆུ་དང་ལུད་གཞི་གཅིག་ཅན་གྱི་ཞིང་ཆུ་འཚམ་པོ་གཏོང་བ་དང་མིས་ལས་རེས་བྱེད་མི་དགོས་པར་ཚོད་འཛིན་ཐུབ་པའི་ལས་སྟེགས་ཤིག་བཏོད་ཅིང་། འདེབས་སྟངས་དེས་ས་ཆ་མང་པོ་བཟུང་མེད་པ་མ་ཟད། ཇ་ལོ་དང་ཞུ་མཁན་གྱི་དཔལ་འབྱོར་སྐྱེ་དངོས་གཉིས་ཀར་ཐོན་འབབ་ཡོང་ཐུབ་ལ། ཇ་འདེབས་ར་བའི་ས་རྒྱུ་གཤིན་དུའང་གཏོང་ཐུབ་ཀྱི་ཡོད་པར་བརྟེན། ལས་རིམ་ཧྲིལ་པོར་ཆུ་དང་ལུད་གཞི་གཅིག་ཅན་གྱི་ཞིང་ཆུ་འཚམ་པོ་གཏོང་བ་དང་མིས་ལས་རེས་བྱེད་མི་དགོས་པར་ཚོད་འཛིན་ཐུབ་པའི་ལས་སྟེགས་དེས་ལས་མི་དང་། ལུད། ཆུ། གློག་བཅས་དེ་བས་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།

    ད་ཆ་མེ་ཏོག་རྫོང་གིས་རྒྱུད་འདྲེས་ནང་ཤ་དཀར་པོའི་ཕི་ཕ་སྤུས་དག་སྣ་ཁ་གསར་པ་7ནང་འདྲེན་བྱས་ནས་ཕི་ཕ་སྡོང་ཕྲུག་ཁྲི་1.14ལ་སྦྱར་ག་བརྒྱབ་སྟེ་ལེགས་སུ་གཏོང་བ་དང་། སྡོང་ཕྲུག་ཁྲི་4.8ལ་མཐུད་བརྒྱབ་ནས་ཤང་དང་གྲོང་རྡལ་6དང་གྲོང་ཚོ་24ལ་ཁྱབ་པར་བྱས་པ་དང་། མུའུ་22ཟིན་པའི་ཕི་ཕ་ཡི་ནུས་རྒྱུ་གསར་པའི་རིག་ནུས་འདེབས་གསོའི་ལག་རྩལ་དཔེ་སྟོན་རྟེན་གཞི་བསྐྲུན་ནས་གྲངས་འཛིན་གྱི་འབྲས་བུ་ཤིང་འདེབས་འཛུགས་ལས་སྟེགས་ཞིབ་སྤེལ་དང་ཡུལ་དེ་གའི་ཤེས་ལྡན་པ་14གསོ་སྐྱོང་བྱས་ཏེ། མེ་ཏོག་རྫོང་ལ་ཚ་ཁུལ་དཔལ་འབྱོར་གྱི་ནགས་ལས་འབྲས་བུ་ཤིང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    “རྗེས་སུ་ང་ཚོས་ད་དུང་འདེབས་སྟངས་གསར་པ་མང་པོ་ཞིབ་འཇུག་བྱས་ཏེ་དཔེ་སྟོན་ཁྱབ་གདལ་བཏང་རྗེས་ཀྱི་ནད་འབུའི་གནོད་པར་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ལ་དོ་སྣང་བྱེད་ཀྱི་ཡིན། མེ་ཏོག་རྫོང་གིས་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་མཉམ་དུ་མུ་མཐུད་མཉམ་ལས་ཟབ་མོ་བྱས་ནས་མེ་ཏོག་རྫོང་གི་ཕི་ཕ‘གསེར་མདོག་ཤིང་འབྲས’ཀྱི་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱས་ཏེ། མེ་ཏོག་རྫོང་འདི་2025ལོར་སླེབས་སྐབས་ཇ་འདེབས་ར་བར་མུའུ་ཁྲི་ཟིན་པའི་རྒྱུད་འདྲེས་ནང་ཤ་དཀར་པོའི་ཕི་ཕ་འདེབས་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ནས་ས་གནས་ཀྱི་གྲོང་གསེབ་དར་རྒྱས་དང་། མི་སེར་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་ཀྱི་ཡིན”ཞེས་ཅང་ཧྥན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།