དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཕ་ཡུལ་གྱི་ཞིང་སར་ལས་གཏོད་ཀྱི་ས་བོན་བཏབ།

    བོད་ལྗོངས་དཀར་གཙང་ནས་ཀྱི་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཁྲིམས་ཚན་འཐུས་མི་བསོད་དོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-09

    འདི་ནི་བསོད་དོན་གྱིས་རྩམ་པའི་སྤུས་ཚད་ལ་ལྟ་བཞིན་པ།

    1986ལོར་སྐྱེས་པའི་བསོད་དོན་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཡིན་ཞིང་། 1998ལོར་སློབ་ཆུང་ཐོན་རྗེས་ལྗོངས་ཕྱིར་སློབ་གྲྭ་འགྲིམས་པ་དང་། 2009ལོར་ནན་ཅིང་ཞིང་ལས་སློབ་ཆེན་ནས་ཐོན། སློབ་གྲྭར་བསྐྱོད་པའི་ཉམས་མྱོང་ལས་བསོད་དོན་ལ་ཕ་ཡུལ་འཕེལ་རྒྱས་གཏོང་བར་ཤེས་ལྡན་མི་སྣ་ཧ་ཅང་དགོས་མཁོ་ཆེ་བའི་མྱོང་ཚོར་ཟབ་མོ་བྱུང་། 2012ལོའི་ལོ་འགོར་བསོད་དོན་གྱིས་རང་གི་ཆེད་ལས་ཀྱི་དགེ་མཚན་སྤྱད་དེ་ཕ་ཡུལ་གྱི་ཞིང་ས་གཤིན་པོར་ལས་གཏོད་བྱེད་འགོ་བརྩམས།

    2014ལོར་བསོད་དོན་གྱིས་བོད་ལྗོངས་དཀར་གཙང་ནས་ཀྱི་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ཤིང་། མིག་སྔར་ཀུང་སི་དེ་གའི་ཁྲིམས་ཚན་འཐུས་མིའི་འགན་བཞེས་བཞིན་ཡོད། བསོད་དོན་གྱིས་ལག་རྩལ་རྐང་འཛིན་པའི་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་བརྩོན་ཞིབ་དང་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད། དེ་བས་འཚམ་པའི་རྩམ་པ་ལས་སྣོན་གྱི་ལས་རིམ་ཆ་ཚང་ཞིག་ཕྱོགས་སྡོམ་ཐུབ་སྟེ། ནས་ཀྱི་ཐོན་རྫས་རབ་དང་རིམ་པ་ཐོན་སྐྱེད་བྱས་ནས་ཁྲོམ་རར་བཏོན། དགའ་འོས་པ་ཞིག་ལ་ཐོན་རྫས་རྣམས་ཁྲོམ་རར་བཏོན་མ་ཐག་བྲིན་ཁ་རྒྱུག་པོ་བྱུང་ནས་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་ཀ་ཡག་པོ་ཡོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། དེས་ཁོང་གི་ལས་གཏོད་ཀྱི་ལམ་བུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཁོང་གིས་གསར་འགོད་པར། “ཕ་ཡུལ་གྱི་འཕེལ་རྒྱས་དང་ཡུལ་མི་ཚོར་བདེ་སྐྱིད་དོན་གཉེར་བྱ་རྒྱུ་ནི་ངའི་འབད་འཐབ་ཀྱི་དམིགས་ཚད་ཡིན། ན་གཞོན་ཁེ་ལས་པ་ཞིག་གི་ངོས་ནས། ངས་ཕ་ཡུལ་གྱི་ཞིང་ས་གཤིན་པོར་རྩ་བ་ཚུགས་ཏེ། ཡུལ་མི་དེ་བས་མང་བ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུར། ཀྲུང་གོ་སྟོབས་ཆེར་གཏོང་དགོས་ན་ངེས་པར་དུ་ཞིང་ལས་སྟོབས་ཆེར་གཏོང་དགོས་པ་དང་། ཀྲུང་གོ་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་དགོས་ཚེ་ངེས་པར་དུ་གྲོང་གསེབ་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས་པ། ཀྲུང་གོ་ཕྱུག་པོར་འགྱུར་དགོས་ན། ངེས་པར་དུ་ཞིང་པ་ཕྱུག་པོར་འགྱུར་དགོས་ཞེས་བསྟན་ཡོད།

    རྒྱལ་ཁབ་ཀྱིས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བའི་སྲིད་ཇུས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཁྲིད་སྟོན་འོག བསོད་དོན་གྱི་བློ་རྩ་སྔར་བས་བརྟན་དུ་སོང་ནས་ཕ་ཡུལ་གྱི་ཡུལ་མི་ཚོའི་སྣེ་ཁྲིད་དེ་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ལམ་དུ་ཞུགས།

    དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་། ཀུང་སི་དེས་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། ལས་བཟོ་བ་ཡོངས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྣེ་ཁྲིད་དེ། སྔ་རྗེས་སུ་ལས་མི་41བསྡུས་པའི་ཁྲོད་ཀྱི་མི་23ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་མི་ཡིན་པ་དང་། མི་8ནི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་ཞིང་། ཁོང་ཚོར་ལོ་རེར་སྤྲད་པའི་གླ་ཆ་དང་ཕན་བདེའི་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི་130ལྷག་ཙམ་ཟིན་གྱི་ཡོད།

    ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རྨང་གཞི་དང་འགག་རྩའི་ལས་འགན་ཡིན་པས། ཀུང་སི་དེས་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་སྔར་བས་མང་དུ་བཏང་སྟེ། ནས་ལས་སྣོན་ཞིབ་ཚགས་བྱེད་པའི་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་ཞིང་། ལོ་ལྟར་ནས་སྤྱི་རྒྱ་རེར་ཁྲོམ་རའི་རིན་གོང་ལས་སྒོར་0.4ཡིས་མཐོ་བ་སྤྲད་ནས་ལོ་རེར་ནས་སྤྱི་རྒྱ་ཁྲི་315ཉོ་སྒྲུབ་བྱེད་པ་དང་། ནས་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་སྒོར་ཁྲི་189སྤྲད་པར། དུད་ཚང་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་2032མང་དུ་ཕྱིན་ནས། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་ཀུང་སི་དེས་རྒྱལ་རྩེ་རྫོང་གཙང་ཁ་ཤང་སྟར་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱས་ནས། སྔ་རྗེས་སུ་འཚམས་འདྲི་ཐེངས་6བྱས་པར། ཁྱོན་དུད་ཚང་དབུལ་པོའི་མི་ཐེངས་509ལ་ཕན་པ་ཐོབ་ཡོད་པ་དང་། ཞལ་འདེབས་བརྒྱབ་པའི་དངོས་ཟོག་སྣ་ཚོགས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་78ཟིན་གྱི་ཡོད། ཉེ་བའི་ལོ་4ཡི་རིང་ཁྱིམ་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བར་སྒོར་ཁྲི་7.15ཞལ་འདེབས་བརྒྱབ་ཡོད་པས། 2022 ལོའི་ལོ་མཇུག་བར་ཀུང་སི་དེས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་ཁྱོན་མ་དངུལ་སྒོར་ཁྲི་496ལྷག་ཙམ་བཏང་ཡོད།

    ད་ཆ་བོད་ལྗོངས་དཀར་གཙང་ནས་ཀྱི་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ལོ་རེར་ནས་ཀྱི་ཐོན་རྫས་སྣ་ཚོགས་ཏུན་1500ལྷག་ཙམ་ཐོན་སྐྱེད་བྱེད་བཞིན་ཡོད་པར། ལས་གཉེར་ཡོང་འབབ་སྒོར་ཁྲི་3949.6 དང་ཁེ་གཙང་སྒོར་ཁྲི་699.9ཟིན་ཡོད། 2022ལོའི་ལོ་མཇུག་བར་ཁེ་ལས་ཀྱི་སྤྱིའི་རྒྱུ་ནོར་སྒོར་ཁྲི་6188.9དང་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་5043.8ཟིན་གྱི་ཡོད་པ་རེད།

    བསོད་དོན་གྱིས་ཡིད་ཆེས་ཆེན་པོས། “ཡུལ་དེ་གའི་ཞིང་ལས་ཐོན་རྫས་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ཆ་ནས། ང་ཚོས་མུ་མཐུད་གྲོང་གསེབ་ཏུ་གཞི་ཚུགས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་། དུས་རབས་གསར་པར་འགན་འཁྲི་འཁུར་ཕོད་པའི་ཁེ་ལས་ཤིག་བྱེད་པ། ཡུལ་མི་དེ་བས་མང་བ་ཐུན་མོང་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དེ། གྲོང་གསེབ་དར་རྒྱས་གཏོང་ཆེད་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ནས། ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་ལང་ཚོའི་བཀྲག་མདངས་འཚེར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།