དམངས་ཀྱི་བདེ་སྡུག་སེམས་ལ་བཅངས། ཟོལ་མེད་བརྩེ་བས་མི་སེམས་དྲོས།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་ཀོ་སྣ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་ནོར་གྱི་སྐོར་བཀོད་པ།
མིག་ནོར་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་ཀོ་སྣ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། ས་གནས་དེ་གའི་མང་ཚོགས་དང་ཁོང་ལ་རྒྱུས་མངའ་ཡོད་མཁན་ཚང་མས“ཧྲུའུ་ཅི་མིག་ནོར”ཞེས་བརྗོད་ཀྱི་ཡོད། ཁོང་གིས་སྔ་རྗེས་སུ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ནས་ལོ་20འགྲོ་ཡི་ཡོད་ཅིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ཏེ། ཟོལ་མེད་ཀྱི་བརྩེ་བས་དམངས་སེམས་དྲོས་པར་བྱས་པ་མ་ཟད། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་སྣེ་ཁྲིད་ཀྱང་བྱས་ཡོད།
2006ལོར་མིག་ནོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད། སྐབས་དེ་དུས་ཀྱི་ཀོ་སྣ་གྲོང་ཚོར་རྒྱག་རེས་རྒྱག་པ་དང་ཁྱིམ་མཚེས་དབར་འགལ་བ་བྱུང་བ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད་པས། དཀའ་ངལ་དང་འགྲན་སློང་གི་མདུན་དུ་མིག་ནོར་གྱིས་གྲོང་ཚོའི་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་རྒན་རྒོན་ལ་བཀའ་འདྲི་ཞུས་ཏེ། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་། རྒྱག་རེས། རྐུ་རྒྱག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་འབྲེལ། 《ཀོ་སྣ་གྲོང་ཚོའི་གྲོང་སྲོལ་དམངས་ཆིངས》བཟོས་ནས་འཐུས་ཚང་དུ་བཏང་བ། ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བར་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་པས། མིག་སྔར་གྲོང་ཚོར་བརྟན་ལྷིང་ཞི་མཐུན་དང་། མཐུན་སྒྲིལ་མཛའ་གྲོགས། ཕན་ཚུན་རོགས་རེས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ན། གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འགན་ལེན་གལ་ཆེན་ཞིག་ཡིན་པ་མིག་ནོར་གྱིས་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན་མིག་ནོར་གྱིས་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་རྒྱུ་དེ་གྲོང་ཚོ་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་ཀྱི་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་མཛུབ་ཁྲིད་དང་རོགས་རམ་ལས། ཀོ་སྣ་གྲོང་ཚོས་སྔ་རྗེས་སུ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་འགན་འཁྲི་ཁག་བགོས་དང་། ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ། “གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས” ཏང་དོན་ཡོངས་བསྒྲགས་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་རབ་དང་རིམ་པ་བཟོས་པ་དང་འཐུས་ཚང་དུ་བཏང་བས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འཐབ་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ཏང་ཡོན་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་རང་འགུལ་རང་བཞིན་དང་ཧུར་སེམས་ཤུགས་ཆེར་ཕྱིན་ཡོད།
གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་གོང་བུ་འགྲིལ་ཤུགས་ཇེ་ཆེར་སོང་རྗེས་མིག་ནོར་གྱིས་སླར་ཡང་མང་ཚོགས་ལ་ཕྱུག་འགྱུར་ལམ་བུ་འཚོལ་འགོ་ཚུགས། གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་དུ་ཞིབ་འཇུག་བྱས་རྗེས། ཀོ་སྣ་གྲོང་ཚོས“ཀོ་སྣ་གྲོང་ཚོའི་རང་བརྟེན་ནུས་པ་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། གྲོང་ཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གཞི་རྟེན་དུ་བྱེད་པ། གྲོང་ཚོའི་རྩམ་པ་ལས་སྣོན་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི”ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་ཡོད། དེ་དང་ཆབས་ཅིག་ཁོང་གིས་རང་ཉིད་ཀྱི་སྡོད་ཁང་སྤྱད་དེ་ཇ་ཁང་བཙུགས་པ་དང་། ཇ་ཁང་གི་ལས་གཉེར་ཡོང་འབབ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁོངས་སུ་བཞག་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་པ་མ་ཟད་མང་ཚོགས་ལའང་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད།
གཞན་ཡང་། མིག་ནོར་གྱིས་ནམ་ཞག་རྒྱུན་དུ་གྲོང་ཚོའི་རྒན་རྒོན་མི་ཧྲེང་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དགུན་ཁ་ཤར་རིམ་བཞིན་ཁོང་གིས་སྔ་ས་ནས་ཁོང་ཚོར་རྡོ་སོལ་དང་སྲིང་བལ་གྱི་ཉལ་ཆས་ཉོ་བ་དང་། འགན་ལེན་ལྔའི་དུད་ཚང་དུ་སྐྱོད་རིམ་བཞིན་རྒན་རྒོན་ཚོར་རྔན་པ་སྟེར་གྱི་ཡོད་པས། གྲོང་ཚོའི་འགན་ལེན་ལྔའི་རྒན་རྒོན་ཚོས་བརྩེ་བ་ཟབ་མོས་ཁོང་ལ“བུ”ཞེས་འབོད་ཀྱི་ཡོད་པ་རེད།