དབུ་ཤོག>ཞིང་འབྲོག་གསར་པ།
  • སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་ཏེ་གཙོ་གནད་ལས་དོན་ལ་གཞི་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-19

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། 2023ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ཇུས་འགོད་ཞིབ་ཚགས་དང་གསར་གཏོད་ཀྱི་བྱ་ཐབས་ལག་བསྟར་བྱས་པས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལས་དོན་འགོ་བཙུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་པ་རེད།

    ད་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་མི་4247མང་དུ་ཕྱིན་ནས་དམིགས་ཚད་ལས་འགན་གྱི་31.46%ལེགས་གྲུབ་བྱུང་བ་དང་། ཞིང་འབྲོག་པ་ཁྲི་4.03ལས་ཞུགས་གཞན་སྒྱུར་ཐུབ་ནས་དམིགས་ཚད་ལས་འགན་གྱི་47.4%ལེགས་གྲུབ་བྱུང་བ།(དེའི་ནང་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་མི་གྲངས་ཁྲི་2.44ཡོད་པ་དེས་ལས་ཞུགས་གཞན་སྒྱུར་གྱི་མི་འབོར་བསྡོམས་འབོར་གྱི་60.6%བཟུང་བ) ཡོང་འབབ་སྒོར་དུང་ཕྱུར་2.43ཟིན་ནས་དམིགས་ཚད་ལས་འགན་གྱི་27.3%ལེགས་གྲུབ་བྱུང་བ། ས་ཁུལ་དང་གྲོང་ཁྱེར་ལས་བསྒྲལ་ནས་མི་2003ལས་ཞུགས་གཞན་སྒྱུར་ཐུབ་སྟེ་དམིགས་ཚད་ལས་འགན་གྱི་40.1%ལེགས་གྲུབ་བྱུང་བ། ལྗོངས་ཕྱིར་མི་385ལས་ཞུགས་གཞན་སྒྱུར་ཐུབ་ནས་དམིགས་ཚད་ལས་འགན་གྱི་38.5%ལེགས་གྲུབ་བྱུང་བ། མི་ཐེངས་4079ལ་ལས་རིགས་རྩལ་ནུས་གསོ་སྦྱོང་དུས་ཐེངས་89བྱས་ཏེ་དམིགས་ཚད་ལས་འགན་གྱི་22.2%ལེགས་གྲུབ་བྱུང་བ་དང་། གསོ་སྦྱོང་བྱས་རྗེས་མི་538ལས་ཞུགས་ཐུབ་ཅིང་། དེའི་ཁྲོད་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱེད་ཚད་མི་ཐེངས་3429ཟིན་ཏེ་དམིགས་ཚད་ལས་འགན་གྱི་26.4%ལེགས་གྲུབ་བྱུང་ཡོད་པ་རེད།

    ད་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་མཐིལ་རྟོགས་དང་བརྟག་ཞིབ་ལ་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་དུ་འཕར་བར་སྐུལ་འདེད་བཏང་བ་རེད། 《ལྷ་ས་གྲོང་ཁྱེར་གྱི་2023ལོའི་ལས་ཞུགས་ལས་ཀའི་གཙོ་གནད》དང་། 《ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་2023ལོའི་ལས་ཀའི་གཙོ་གནད》《གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་རོགས་སྐྱོར་གྱི་2023ལོའི་ལས་ཀའི་གཙོ་གནད》སོགས་མཛུབ་ཁྲིད་རང་བཞིན་དང་། བྱ་ཐབས་རང་བཞིན། དམིཌ་ཚད་རང་བཞིན་བཅས་ཀྱི་ཡིག་ཆའི་མ་ཟིན་བཀོད་ནས་བཀྲམ་པ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་གཞི་གྲངས་དང་དེ་བཞིན་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་གི་ད་ཡོད་གནས་ཚུལ་མཐིལ་རྟོགས་ལས་དོན་ལེགས་སྒྲུབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་ཁྲི་15.6གི་ཕོ་མོ་དང་ལོ་ཚད། རྩལ་ནུས་ཀྱི་གྲུབ་ཆ། གསོ་སྦྱོང་གི་གྲངས་འབོར་བཅས་ནུས་ལྡན་ངང་ཁོང་དུ་ཆུད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་དང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་བརྟག་དཔྱད་མཐིལ་རྟོགས་བྱེད་པར་མཉམ་འགུལ་བྱས་ནས“སྲིད་ཇུས་དྲིལ་བསྒྲགས་དང་། ལས་གནས་མཁོ་འདོན། གསོ་སྦྱོང་། ཞབས་ཞུ”བཅས་ཀྱི་བྱ་སྤྱོད་སྤེལ་ཏེ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་མི་4247མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་གི་འགུལ་རྣམ་གཙང་བཟོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

    རིམ་པ་དབྱེ་བ་དང་། ལས་རིགས་དབྱེ་བ། ཚོགས་སྤྱི་དབྱེ་བ་བཅས་ཀྱི་གསོ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁ་ཕྱོགས་གཏན་འཁེལ་དང་། མངགས་ཐོ་འགོད་པ། ལས་ཀའི་ཁྲོད་སྦྱོང་བརྡར་བཅས་གཙོ་བོར་བྱེད་པའི་གསོ་སྦྱོང་ལས་དོན་སྤེལ་ནས་སྟག་རྩེ་ཆུས་སུ་སྔོན་ལ་ཚོད་ལྟ་བྱས་ཏེ“དུད་ཚང་རེར་རྩལ་ནུས་རེ”སྐྱེད་སྲིང་བྱེད་པའི་འདུ་འགོད་ལ་སྐུལ་འདེད་གཏོང་བ་དང་། འདེབས་འཛུགས་དང་གསོ་ཚགས་མཁས་པ་དང་། ལག་རྩལ་བཟོ་པ། ཨར་ལས་བཟོ་པ། ལག་རྩལ་པ། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཤན་པ། ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སོགས་གསོ་སྐྱོང་འདུ་འགོད་ཀྱི་དུས་འགོའི་ཇུས་གཞི་བཟོ་བ་དང་ལས་འགན་ཁག་བགོས་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    “དཔྱིད་རླུང་གིས་མི་སེམས་ལ་དྲོ་སྐྱིད་སྦྱིན”པའི་བརྗོད་དོན་གཙོ་བོའི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་པ་ལས་མི་དང་། དབུལ་སྒྲོལ་མང་ཚོགས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་སོགས་ལ་གཙོ་གནད་དུ་རོགས་སྐྱོར་བྱས་པ་རེད། བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ཐད་དཀའ་ངལ་ཡོད་མཁན་མི་སྣ་180ལ་འཚམས་འདྲིའི་དངུལ་སྒོར་ཁྲི་14.4སྤྲད་པ་དང་། ཞིང་འབྲོག་པ་200ཙམ་རང་སྐྱོང་ལྗོངས་ཀྱི“དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི”གདན་ཞུའི་འདུ་ཚོགས་ཆེ་གྲས་ལ་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ། “དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི”དྲ་ཐོག་གདན་ཞུའི་འདུ་ཚོགས་འཚོགས་པ་དང་ཁེ་ལས་30ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལས་ཞུགས་ལས་གནས་400ཙམ་མཁོ་འདོན་བྱས་པ་རེད།

    “ང་ཚོས་སྟག་རྩེ་ཆུས་དང་ལྷུན་གྲུབ་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་ནས‘དུད་ཚང་རེར་རྩལ་ནུས་རེ’ཡོད་པའི་ལས་དོན་མུ་མཐུད་སྤེལ་བ་དང་། འབྲེལ་ཡོད་གྲོང་ཁྱེར་ཐད་གཏོགས་ཚན་པར་མཐུན་སྦྱོར་བྱས་ནས་འདེབས་འཛུགས་གསོ་ཚགས་འཇོན་ཐང་ཅན་དང་། ལག་རྩལ་བཟོ་པ། བཟོ་སྐྲུན་བཟོ་པ། ལག་རྩལ་པ། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཤན་པ། ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སོགས་གསོ་སྐྱོང་འདུ་འགོད་ལ་སྐུལ་འདེད་གཏོང་གི་ཡིན། ཉིན་གླ་སྒུག་ས་དང་ལས་ཞུགས་ས་ཚིགས་ཐོག་མ་འཛུགས་སྐྲུན་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་སྟེ་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་གནས་སྤོས་མང་ཚོགས་དང་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་ལ་འགུལ་རྣམ་དོ་དམ་དང་འགུལ་རྣམ་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཁྱེར་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།