ཉེ་ཆར། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གནམ་བར་གྲོང་ཚོར་ཞིང་འབྲོག་པ་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་ལས་ཀ་བྱེད་པར་གཏོང་བའི་མཛད་སྒོ་གཉེར་ཞིང་། མང་ཚོགས་120ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་དོན་ནང་དངོས་སུ་ཞུགས་ཡོད།
2019ལོར་གྲོང་མི་དགྲ་འདུལ་གྲོང་ཚོས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ལ་ཞུགས་ཏེ་རྐོ་འདྲུའི་འཕྲུལ་འཁོར་གཏོང་བའི་ལག་ཁྱེར་རག་ལ། ད་རེས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ནང་ཞུགས་པའི་གོ་སྐབས་བྱུང་བས་ཁོང་ཧ་ཅང་དགའ་པོ་བྱུང་ཞིང་། “རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ནས་ཟླ་རེར་གླ་ཆ་སྒོར་ཁྲི་1ལྷག་ཙམ་འདུག ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དེ་ཟླ་ལྔ་པར་མཇུག་འགྲིལ་རྒྱུ་དང་ཧ་ལམ་ཡོང་འབབ་སྒོར་ཁྲི་6ཙམ་ཡོང་བཟོ་འདུག རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་གཉིས་མི་སྤྱི་སྡེ་ཚན་གྱིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགྲ་འདུལ་གྱིས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། རྒུ་རུམ་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ལ་འཕྲུལ་ཆས་དང་མི་ཤུགས་མང་པོ་དགོས་པ་དང་། མང་ཚོགས་རེར་ཉིན་རེའི་གླ་ཆ་སྒོར་200སྤྲོད་པ་མ་ཟད། འཕྲུལ་ཆས་དང་སྒྲིག་ཆས་ཀྱི་བདལ་གླ་ལོགས་སུ་རྩིས་རྒྱག་གི་ཡོད། མིག་སྔར་རྒུ་རུམ་གྲོང་རྡལ་དུ་ལས་མི་ཁྱོན་1700མཁོ་བ་དང་རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་ཆས་1000ལྷག་ཙམ་དགོས་ཀྱི་ཡོད། “ཉིན་ལྟར་མང་ཚོགས་ལ་གླ་ཆ་སྒོར་200སྤྲོད་ཀྱི་ཡོད་པས་ཁོང་ཚོ་ཧ་ཅང་དགའ་པོ་བྱེད་ལ། དེའི་ཁར་འདོན་འཇུག་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་ཆས་དང་སྒྲིག་ཆས་ལ་བདལ་གླ་མཐོ་པོ་སྤྲོད་པས། མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཕན་པ་ཐོན་ཡོད”ཅེས་རྒུ་རམ་གྲོང་རྡལ་གནམ་བར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤི་ལོག་གིས་བཤད།
ད་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས“སྤྱོད་ཚུལ་འཛུགས་སྐྱོང་ལོ”དམ་འཛིན་བྱ་གཞིར་བྱས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཞིང་འབྲོག་པ་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་བཏང་ཡོད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་འགན་འཁུར་བ་བསོད་ནམས་ཚེ་རིང་གིས་གསར་འགོད་པར“ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཚར་རྗེས་ཞིང་འབྲོག་མང་ཚོགས་ཕྱིར་གླ་པར་སྐྱོད་པའི་དུས་ཚོད་དམ་འཛིན་གྱིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཤུགས་ཆེན་སྤེལ་ཡོད”ཅེས་བཤད།